༉ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ ཉམས་ཉེན་ཅན་གྱི་ ཆུ་བྱ་ཕོཝ་དཀརཔོ་ཚུ་དང་ ཁོང་འཁྱམས་སྡོད་སའི་ས་ཁོངས་ཚུ་ འཕྲུལ་ཆས་ཌཱོན་ལག་ལེན་འཐབ་སྟེ་ ལྟ་རྟོག་འབད་ནིའི་ཐབས་ལམ་ཚུ་ ཡར་དྲག་གཏང་ནི་ཨིན་པས།
བདུན་ཕྲག་༡ གི་ འོས་འབབ་བརྟག་ཞིབ་དེ་ སྤྱི་ཟླ་༢ པའི་ཚེས་༧ ལུ་ མཇུག་བསྡུ་ཡོདཔ་བཞིན་དུ་ སྤུ་ན་གཙང་ཆུ་དང་ སཱུན་ཀོཤ་གཙང་ཆུ་བདའ་སྟེ་ འཕྲུལ་ཆས་ཌཱོན་ལག་ལེན་འཐབ་ནི་གི་ བརྟག་དཔྱད་འབད་ཡོདཔ་ཨིན་པས།
མོ་བཏབ་ལས་འགུལ་ནང་ སྤུ་ན་ཁ་དང་ རྩི་རང་ དབང་འདུས་ཕོ་བྲང་ དེ་ལས་ ཕིབ་སུ་རི་དྭགས་ཉམས་སྲུང་དང་ མ་ནཱསི་རྒྱལ་ཡོངས་གླིང་ཁ་ དེ་ལས་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ལས་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ལས་འགུལ་དེ་ ཡུ་ཀེ་གི་ ལི་བར་པུལ་ ཇཱོན་མ་རིསི་གཙུག་སྡེ་དང་ སྐྱེ་ལྡན་རིག་པའི་མཁས་མཆོག་དང་ ཉམས་སྲུང་མཁན་ སརཆི་ ཝིཆ་གིས་ བསླབ་སྟོན་འབད་ཡོདཔ་ཨིན་པས།
མོ་བཏབ་ལས་རིམ་སྐབས་ ཆུ་བྱ་ཕོཝ་དཀརཔོ་༥ དང་ ཚང་མང་རབས་ཅིག་ མཐོང་ཡོད་མི་ལུ་བརྟེན་ ཉམས་སྲུང་ལྟ་རྟོག་འབད་ནི་ལུ་ འཕྲུལ་ཆས་དེ་ འོས་འབབ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཞིབ་འཚོལ་འགོ་དཔོན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མདུན་སྐྱོད་འཕྲུལ་ཆས་དེ་ ཉམས་སྲུ་ལྟ་རྟོག་དང་ བརྟག་ཞིབ་ཀྱི་དོན་ལས་ ཉེར་མཁོ་ཅན་ཅིག་ཨིནམ་ད་ ཌཱོན་ལག་ལེན་དེ་ མ་འོངས་པའི་ བརྟག་ཞིབ་དང་ ལྟ་རྟོག་འབད་ནི་ལུ་ འོས་འབབ་ཡོདཔ་སྦེ་ མཐོང་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དམིགས་བསལ་དུ་ ཉམས་ཉེན་ཅན་དང་ ཡང་ཅིན་ མི་གིས་བདའ་ཟུན་མ་ཚུགས་པའི་ གནས་སྟངས་ནང་ ཉམས་སྲུང་གི་ལཱ་ནང་ ཌཱོན་བགོ་བཀྲམ་འབད་ནི་དེ་ ཁེ་ཕན་ཅན་ཅིག་ཡོདཔ་ད་ འཕྲུལ་ཆས་ཀྱིས་ ནགས་ཚལ་སྟུག་དྲགས་དང་ བྱག་གཟར་དྲགས་ཚུ་ལས་འགྱོ་སྟེ་ ཚང་གི་ས་གོ་ཚུ་ འཇོན་ཐངས་ཅན་ཅིག་སྦེ་ མཐོང་ནི་གི་ ཕན་རླབས་སྦོམ་ ཡོད་ཟེར་ཨིན་པས།
ད་རེས་ནངས་པ ལག་ལེན་འཐབ་མི་ ཐབས་ལམ་ལུ་ ཉེན་ཁ་ཡོདཔ་བཞིན་དུ་ རི་དྭགས་སེམས་ཅན་དང་ འཕྱད་ནི་དང་ བྱ་གཟར་དྲགས་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ བྱུངམ་མས་ཟེར་ཨིན་པས།
ས་ཁོངས་གཞི་བཞག་ཐབས་ལམ་ནང་ མི་འབྲེལ་གཏོགས་འབད་དགོཔ་ལས་ བྱ་འཁྱམས་སའི་ས་ཁོངས་ཚུ་ བར་ཆད་རྐྱབ་དོ་ཡོདཔ་ད་ འཕྲུལ་ཆས་ཀྱིས་འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་ལུ་ བར་ཆད་མ་རྐྱབ་པར་ གནས་སྡུད་ཚུ་ བསྡུ་ལེན་འབད་ཚུགས་ནི་ཨིན་པས།
ལྟ་རྟོག་དང་ བརྟག་ཞིབ་འབད་བའི་སྐབས་ འོས་འབབ་ལྡན་པའི་ རིང་ཚད་ཀྱི་ས་ཁར་ འཕུར་འགྱོ་སྟེ་ ཌཱོན་གྱིས་ བྱ་གི་རང་བཞིན་གྱི་ བྱ་སྤྱོད་ཚུ་ ཤེས་ནི་ལུ་ ཁེ་ཕན་འབྱུང་ནི་དང་ མི་ཚུ་གིས་འབད་བ་ཅིན་ འཕྲལ་འཕྲལ་ར་ བར་ཆད་སྦོམ་སྦེ་ར་ རྐྱབ་དོ་ཡོད་རུང་ འཕྲུལ་ཆས་ཀྱིས་ གནོད་པ་ཚུ་ མར་ཕབ་འབད་ཚུགས་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ལོ་ངོ་མང་རབས་ཅིག་ ཆུ་བྱ་ཕོཝ་དཀརཔོ་ ལྟ་རྟོག་དང་ བརྟག་ཞིབ་འབད་ནི་དེ་ ས་ཁོངས་གཞི་བཞག་ཞིབ་རྟོག་ མི་གི་བརྟག་ཞིབ་ལུ་ བརྟེན་སྡོད་ཡོདཔ་ལས་ དེ་གིས་ ཟད་འགྲོ་ལྕི་དྲགས་འགྱོ་བའི་ཁར་ མི་སྟོབས་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ཡང་ བྱུང་དོ་ཡོདཔ་ཨིན་པས།
ཐབས་ལམ་དེ་གིས་ ས་ཁོངས་རེ་ནང་ ཆུ་བྱཝ་དཀར་ཚུ་ བདའ་ཟུན་ནི་ལུ་ ལཱ་ཁག་གཏང་པའི་ཁ་ར་ འོས་འབབ་ལྡན་པའི་ ཆུ་བྱ་འཁྱམས་ས་ ལ་ལུ་ཅིག་ནང་ ལྟ་རྟོག་འབད་མ་ཚུགས་པར་ ལུས་དོ་ཡོདཔ་ཨིན་པས།
ལྟ་རྟོག་དེ་ མཐུན་རྐྱེན་ལེ་ཤ་དང་ དུས་ཚོད་མངམ་ དེ་ལས་ ལྟ་རྟོག་པ་ཚུ་ཡང་ ལེ་ཤ་དགོས་མཁོ་བྱུང་དོ་ཡོདཔ་ད་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ བདུན་ཕྲག་༡ གི་རིང་ བརྟག་ཞིབ་འབད་མི་༧༠ ལས་༡༠ འབྲེལ་གཏོགས་འབད་དེ་ ལོ་བསྟར་བརྟག་ཞིབ་ལུ་ དངུལ་ཀྲམ་ས་ཡ་༡.༥ བརྩིས་ཏེ་ ལོ་བསྟར་དངུལ་ཀྲམ་ས་ཡ་༢.༥ བཏང་དོ་ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཌཱོན་ལག་ལེན་འཐབ་པའི་སྐབས་ ཟད་འགྲོ་ཡོངས་བསྡོམས་ལས་ བརྒྱ་ཆ་༣༠ མར་ཕབ་འབད་ཚུགས་ནི་དང་ དཔེར་ན་ ཧེ་མ་ སྤུ་ན་གཙང་ཆུ་བདའ་སྟེ་ སྟག་ཤར་དང་ ཧ་ར་རོང་ཆུ་ དེ་ལས་ ན་ཞི་ན་བརྩིས་ཏེ་ ས་ཁོངས་༤ ནང་ བརྟག་ཞིབ་འབད་མི་༦ དགོ་དོ་ཡོད་རུང་ ད་རེས་ ཌཱོན་༢ ཀྱིས་ ལག་ལེན་འཐབ་སྟེ་ ཁྱབ་ཚུགས་ཟེར་ཨིན་པས།
ལྟ་རྟོག་རྒྱུན་བརྟན་སྦེ་ མ་འབད་མི་ལུ་བརྟེན་ ཆུ་བྱ་ཕོཝ་དཀརཔོ་མང་ཤོས་ར་ དམིགས་བསལ་བྱིའུ་ཅུང་དང་ སྒོང་རྡོག་ དེ་ལས་ སེམས་ཅན་གཞན་་ཚུ་ བདའ་མི་ཟུན་དོ་ཡོདཔ་ཨིན་པས།
ཌཱོན་འཕྲུལ་ཆས་ཀྱིས་ ཉམས་སྲུང་འབད་མི་ཚུ་ལུ་ གནས་སྟངས་དང་བསྟུན་པའི་ འཛིན་སྐྱོང་གྲོས་ཆོད་ཚུ་ དུས་ཚོད་ཁར་ ཐག་གཅད་ཚུགས་ནི་ཨིན་པས།
རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ དུས་ཚོད་ཁར་ལྟ་རྟོག་དང་ གནས་སྡུད་བསྡུ་ལེན་འབད་ཚུགས་པའི་ ཨརཐི་རེན་ཇཱར་འཕྲུལ་ཆས་བརྩིས་ཏེ་ མདུན་སྐྱོད་ཅན་གྱི་ འཕྲུལ་ཆས་གཞན་ཚུ་ འབག་འོང་ནི་ལུ་ འཚོལ་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འཕྲུལ་ཆས་དེ་གིས་ གནས་སྡུད་བསྡུ་ལེན་འབད་ནི་ ཡར་དྲག་དང་ དུས་ཚོད་ཁར་ ཆུ་བྱ་ཕོཝ་དཀར་ཚུ་ ལྟ་རྟོག་འབད་ཚུགས་ནི་དང་ ཚོགས་སྡེའི་དམིགས་ཡུལ་དེ་ ཆུ་བྱ་ཕོཝ་དཀརཔོ་ཉམས་སྲུང་འབད་ནི་ལུ་ འཕྲུལ་ཆས་མ་འདྲཝ་ཚུ་ གཅིག་སྒྲིལ་འབད་ནི་དེ་ཨིན་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་དང་ ཉམས་སྲུང་འབད་མི་ཚུ་གིས་ འཕྲུལ་ཆས་དེ་ རི་དྭགས་སེམས་ཅན་ས་གནས་གཞན་ཁར་ གནས་སོར་གནས་སྟངས་དང་ ཁྲིམས་འགལ་ཐོག་ལས་ ཤ་བདའ་ནི་བརྩིས་ཏེ་ ཁེ་ཕན་ལེ་ཤ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
རྩི་རང་སྡེ་ཚན་ལས་ ནགས་ཚལ་འགོ་དཔོན་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ པར་ཚད་ལེགས་ཤོམ་དང་ དྲོད་ཅན་ཚོར་འཕྲུལ་ཡོད་མི་ ཌཱོན་ལུ་ ཁེ་ཕན་ལེ་ཤ་ཡོདཔ་ལས་ ཁོང་ཆ་ཁྱབ་ལུ་ སྦྱོང་བརྡར་དང་ ལག་ལེན་འཐབ་ནི་གི་ ཆོག་ཐམ་ཚུ་ བྱིན་པ་ཅིན་ཟེར་ཨིན་པས།
འབྲུག་ལུ་ ཆུ་བྱ་ཕོཝ་དཀར་༢༥ ཡོད་མི་དེ་ འཛམ་གླིང་ནང་ ཆུ་བྱ་ཕོཝ་དཀར་གྱངས་ཁ་ བརྒྱ་ཆ་༥༠ ཡོད་པའི་ རྟགས་མཚན་སྟོན་དོ་ཡོདཔ་ད་ ལྷག་ལུས་ཆུ་བྱ་ཕོཝ་དཀར་ཚུ་ རྒྱ་གར་གྱི་ བྱང་ཤར་དང་ མེ་ཡན་མར་ལུ་ ཡོདཔ་ཨིན་པས།
འབྲུག་ལུ་ ཆུ་བྱ་ཕོཝ་དཀར་ཚུ་ཡང་ གཙང་ཆུ་སྦོམ་གྱི་ མཐའམ་བདའ་སྟེ་ མཐོང་དོ་ཡོདཔ་ད་ ཁོང་གི་ཚང་དང་ རྩྭ་ཆག་ཚུ་ མང་ཤོས་ར་ སའི་ཆགས་ཚུལ་རྩུབ་དྲགས་ཚུ་ནང་ཡོདཔ་ལས་ ལྟ་རྟོག་དང་ མཐོང་ནི་ལུ་ ལཱ་ཁག་གཏང་དོ་ ཡོདཔ་ཨིན་པས།
ཆུ་བྱ་ཕོ་དཀརཔོ་ ཉམས་སྲུང་འབད་ནིའི་དོན་ལུ་ ནགས་ཚལ་གླིང་ཁ་ཞབས་ཏོག་དང་ རྒྱལ་སྤྱི་མཉམ་འབྲེལ་བར་ཚུ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ གནོད་ཉེན་དང་ ལྟ་རྟོག་མི་རློབས་ དེ་ལས་ བྱིའུ་ཅུང་མཚར་ནི་ས་ཁོངས་གཞི་བཙུགས་ དེ་ལས་ ཞིབ་འཚོལ་ཡར་དྲག་གཏང་ནིའི་ཐབས་ལམ་ཚུ་ བཏོན་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།