༉ འབྲུག་ཕྱགས་སྙིགས་མཛོད་ཁང་གིས་ ཚོང་མགྲོན་པ་ཨམ་སྲུ་༨༢༧ དང་ ཕོ་སྐྱེས་༡,༡༣༤ བརྩིས་ཏེ་ ཡོངས་བསྡོམས་༡,༩༩༣ གྱིས་ གྲལ་གཏོགས་ཐོག་ལས་ ཟླཝ་༢ ཀྱི་ནང་འཁོད་ལུ་ ཕྱགས་སྙིགས་མེ་ཊིག་ཊཱོན་༩༢ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ཨིན་པས།
མཛོད་ཁང་དེ་ཡང་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་དོན་ལུ་ སྤྱི་ལོ་༢༠༢༤ ཟླ་༨ པའི་ཚེས་༡༧ ལུ་ གི་རི་ནར་ཝེ་གིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།
གི་རི་ནར་ཝེ་གི་ བཀོད་ཁྱབ་གཙོ་འཛིན་ ཀརྨ་ཡོན་ཏན་གྱིས་ ལས་རིམ་དེ་ ངལ་རངས་ཏོག་ཏོ་སྦེ་ ལེགས་ཤོམ་སོང་སྟེ་ཡོད་པའི་ཁར་ ཚོང་མགྲོན་པ་ཚུ་ལས་འབད་རུང་ བསམ་ལན་ཚུ་ ལེགས་ཤོམ་ཐོབ་ཡོདཔ་མ་ཚད་ ཕྱགས་སྙིགས་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་བཞིན་ཡོདཔ་ལས་ ལས་རིམ་ནང་ གྲལ་གཏོགས་འབད་མི་ ཡར་འཕར་འགྱོ་འོང་ཟེར་ཨིན་པས།
ཨིན་རུང་ གདོང་ལེན་སྦོམ་ཤོས་གཅིགཔོ་དེ་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནི་ ལེགས་ཤོམ་མེདཔ་ལས་ ཚོང་ལམ་ནང་ཡང་ འོང་འབབ་ལེགས་ཤོམ་ འཐོབ་མི་ཚུགས་པས་ཟེར་ བཀོད་ཁྱབ་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
གནད་དོན་སེལ་ཐབས་འབད་ནིའི་དོན་ལུ་ ཕྱགས་སྙིགས་ཕྱི་སེལ་སྐོར་ལས་ མི་མང་ལུ་ ཤེས་ཡོན་སྤེལ་དོ་ཡོདཔ་ད་ དམིགས་བསལ་དུ་ ཆུ་ཤོག་གི་རིགས་ཚུ་ ཕྱི་སེལ་རྐྱབ་ནིའི་ནང་ སེམས་ཤུགས་བྱིན་ཐབས་ལུ་ སེམས་ཤུགས་མཐུན་རྐྱེན་ཚུ་ཡང་ ལོག་བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
སླར་བཟོ་འབད་མི་ ཕྱགས་སྙིགས་ཚུ་ནང་ ཤོག་པང་དང་ ཤོག་ཀུ་ཚུད་ཡོདཔ་བཞིན་དུ་ མེ་ཊིག་ཊཱོན་༢༧.༤ ཐོན་མི་དེ་ ཕྱགས་སྙིགས་ཡོངས་བསྡོམས་ལས་ བརྒྱ་ཆ་༢༨ དེ་ཅིག་གི་རྩིས་ཨིན་མས་ཟེར་ ཀརྨ་ཡོན་ཏན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ ཕྱགས་བསྡུ་ལེན་ནང་ ཕོ་སྐྱེས་མངམ་ཡོདཔ་ད་ དེ་ཡང་ རང་སོའི་ཁྱིམ་ནང་ ཕྱགས་སྙིགས་བསྡུ་ལེན་དང་ ཕྱི་སེལ་དང་འབྲེལ་བའི་ལཱ་ཚུ་ ཨམ་སྲུ་ཚུ་གིས་ འབད་དོ་ཡོད་མི་ལུ་བརྟེན་ཨིནམ་བཞིན་དུ་ ཨམ་སྲུ་ཚུ་གིས་ སྤྲོ་བ་ལེན་ནིའི་དོན་ལུ་ ལཱ་ཚུ་རྩ་འགེངས་ཏེ་ འབད་དོ་ཟེར་ཨིན་པས།
ཟླཝ་༢ ཀྱི་ནང་འཁོད་ལུ་ ཕྱགས་སྙིགས་བསྡུ་ལེན་པ་ཅིག་གིས་ དངུལ་ཀྲམ་༢༦,༠༨༠ གནས་པའི་ ཕྱགས་སྙིག་བསྡུ་ལེན་འབད་ཡོདཔ་ད་ ད་ལྟོ་ཚུན་ཚོད་ འབྲུག་ཕྱགས་སྙིགས་མཛོད་ཁང་གིས་ ཐིམ་ཕུག་ནང་འཁོད་ཀྱི་ ཕྱགས་སྙིགས་བཀོག་ས་༩ དང་ ཕྱགས་སྙིགས་སླར་བཟོ་མཐུན་རྐྱེན་ལུ་ ཕྱགས་སྙིགས་འབག་འོང་མི་ཚུ་ལུ་ དངུལ་ཀྲམ་ས་ཡ་༠.༩ བྱིན་ཡོདཔ་ཨིན་པས།
ལྕང་ཟམ་ཏོག་ཕྱགས་སྙིགས་བཀོག་ས་ལུ་ སླར་བཟོ་འབད་བཏུབ་པའི་ ཕྱགས་སྙིགས་ཊཱོན་༩ བསྡུ་ལེན་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ བར་སྦིས་ས་ཆུ་ཤོག་དང་ ཤོག་གུ་ཕྱགས་སྙིགས་མཐུན་རྐྱེན་ལྟེ་བའི་ནང་ ཕྱགས་སྙིགས་ཊཱོན་༢༦ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་ མཐའ་འཁོར་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ལས་རིམ་དེ་ འགོ་བཙུགས་པའི་ཤུལ་ལས་ མེ་མེ་ལ་ཁ་ལུ་ ཕྱགས་སྙིགས་བཀོག་ས་ནང་ ཕྱགས་སྙིགས་འཛིན་འབད་ནི་དེ་ ཡར་དྲག་སོང་ཡི་ཟེར་ཨིན་པས།
ཕྱགས་སྙིགས་བཀོག་ས་ལྟེ་བ་༩ ལས་ དུས་ཅི་ སྤྱི་ཟླ་༨ པའི་ནང་འཁོད་ལུ་ ཕྱགས་སྙིགས་སྐམ་ཊཱོན་༨༤༡ དང་ ཕྱགས་སྙིགས་རློནམ་ཊཱོན་༧༨༦ བསྡུ་ལེན་འབད་ཡོདཔ་ད་ སྤྱི་ཟླ་༨ པ་ལས་ ཕྱགས་སྙིགས་སྐམ་ཊཱོན་༦༦༨ དང་ ཕྱགས་སྙིགས་རློནམ་ཊཱོན་༦༨༠ ལུ་ མར་བབས་སོང་ནུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
མེ་མེ་ལ་ཁ་ལུ་ ཕྱགས་སྙིགས་བཀོག་སར་ སྤྱི་ཟླ་༧ པའི་ནང་ ཉིན་བསྟར་ཕྱགས་སྙིགས་ཊཱོན་༥༢.༥ ལས་ ཟླ་༨ པའི་ ཉིན་བསྟར་ཕྱགས་སྙིགས་དེ་ ཊཱོན་༤༣.༥ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ནང་ ཕྱགས་སྙིགས་རག་རོ་བསྡུ་ལེན་འབད་མི་༡༨ ཀྱིས་ འབྲུག་ཕྱགས་སྙིགས་འཛིན་སྐྱོང་ལུ་ ཕྱགས་སྙིགས་ཚུ་ བཀོག་བར་འབག་འོང་དོ་ཡོད་རུང་ རང་དབང་ཐོག་ལས་ རག་རོ་འབག་མི་གྱངས་ཁ་དེ་ མི་ཤེས་དོ་ཡོདཔ་ཨིན་པས།
འདས་པའི་ལོ་གི་ ཕྱགས་སྙིགས་བསྡུ་ལེན་གྱི་ གནས་སྡུད་མེད་པའི་ཐད་ལུ་ ཁྲོམ་སྡེ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀོ་བིཌ་-༡༩ ལུ་བརྟེན་ བར་ཆད་རྐྱབ་པའི་ཁར་ དེ་འཕྲོ་ལས་ མི་མང་གསོ་བའི་ཚ་གྱང་ལུ་ གཙོ་རིམ་བཟུང་ སྡོད་ཅི་ཟེར་ཨིན་པས།
དེ་མ་ཚད་ ཕྱགས་སྙིགས་འཛིན་སྐྱོང་ལམ་ལེན་བསྒྱུར་བཅོས་ཀྱི་ལས་རིམ་ ཕྱགས་སྙིགས་མཛོད་ཁང་འགོ་འབྱེད་འབད་མི་དང་ ཧེ་མའི་དབྱེ་དཔྱད་ལས་ ལག་ལེན་ལུ་ གཙོ་རིམ་བཟུང་མི་ལུ་བརྟེན་ཡང་ཨིན་པས།
ཁྲོམ་སྡེ་དང་འཁྲིལ་བ་ཅིན་ ཐབས་རིག་ལྕོགས་གྲུབ་དང་ མ་དངུལ་ཚད་གཅིག་ལས་བརྒལ་མེད་མི་ལུ་བརྟེན་ སྤྱི་ལོ་༢༠༢༣ ལུ་ བརྟག་ཞིབ་ཡོངས་རྫོགས་ཅིག་ འགོ་འདྲེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
བསོད་ནམས་དབང་ཕྱུག་དང་འཁྲིལ་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ སྣ་ཚོགས་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཚུ་གི་གྲས་ གཙོ་ཅན་དེ་ཡང་ ཕྱགས་སྙིགས་འཛིན་སྐྱོང་དང་ དཔལ་འབྱོར་བཟོ་ནི་ ཕྱགས་སྙིགས་བཀོག་ས་ལྟེ་བ་ དེ་ལས་ ཕྱགས་སྙིགས་སླར་བཟོ་མཐུན་རྐྱེན་ལྟེ་བ་ཚུ་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་དང་ སླར་སྤྱོད་ཡར་དྲག་གཏང་ནིའི་དོན་ལུ་ ཕྱགས་སྙིགས་གཅིག་སྒྲིལ་འཛིན་སྐྱོང་མཐུན་རྐྱེན་ བཟོ་སྐྲུན་འབད་ནིའི་ལས་རིམ་ཡོདཔ་ད་ སླར་སྤྱོད་ལྟེ་བ་ཡང་ སྦྱིས་མི་ནང་ལུ་ རྐྱབ་ནི་གི་ ལས་རིམ་ཡོདཔ་བཞིན་དུ་ དེ་གིས་ ཕྱགས་སྙིགས་མར་ཕབ་དང་ སླར་སྤྱོད་ནུས་ཤུགས་ ཡར་དྲག་གཏང་ཚུགས་ནི་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གིས་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་ཐབས་བྱུས་དང་ རིམ་སྒྲིག་འབད་དེ་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ ཕྱགས་སྙིགས་མེདཔ་བཟོ་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་བཞིན་དུ་ ཕྱགས་སྙིགས་འཐོན་ས་ལས་ར་ ཕྱི་སེལ་དང་ ཕྱགས་སྙིགས་སླར་སྤྱོད་ ཡར་དྲག་གཏང་ནི་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གིས་ ཕྱགས་སྙིགས་འཛིན་སྐྱོང་ འགོ་བཙུགས་མི་ལུ་བརྟེན་ འོང་འབབ་བཟོ་སྟེ་ཡོདཔ་ད་ ཕྱགས་སྙིགས་འཛིན་སྐྱོང་གཞི་རྟེན་ཡར་དྲག་དང་ ཕྱགས་སྙིགས་ལག་ལེན་དང་འབྲེལ་བའི་ གདོང་ལེན་ཚུ་ དོན་སྨིན་ཅན་བཟོ་ནི་ ངེས་བརྟན་འབད་འོང་ཟེར་ བསོད་ནམས་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཕྱགས་སྙིགས་རློནམ་ལེ་ཤ་ཐོན་མི་གི་ དཀའ་ངལ་སེལ་ཐབས་ལུ་ ཁྲོམ་སྡེ་གིས་ ཕྱགས་སྙིགས་བཀོག་ས་ རྐྱབ་ནིའི་དོན་ལས་ རྒྱལ་སྤྱི་མཉམ་འབྲེལ་པ་ཚུ་ལུ་ ལས་འགུལ་གྱི་ གྲོས་འཆར་ཚུ་ བཟོ་བའི་བསྒང་ཡོདཔ་ད་ རང་བཞིན་གྱི་ཕྱགས་སྙིགས་དེ་ ནང་འཁོད་ཀྱི་ སོ་ནམ་གྱི་དོན་ལུ་ ཐོན་ཁུངས་ཅན་ཅིག་བཟོ་ནི་ཨིན་པས།
གྲོས་འཆར་གྱི་ དམིགས་ཡུལ་གྱིས་ ཕྱགས་སྙིགས་བཀོག་སར་ ཕྱགས་སྙིགས་མར་ཕབ་འབད་ནི་དང་ ནང་འཁོད་སོ་ནམ་ལུ་ ཐོན་ཁུངས་ཆེ་བའི་ཐོན་སྐྱེད་འབད་ནི་དང་ སྤྱི་ལོ་༢༠༣༠ ནང་འཁོད་ལུ་ ཕྱགས་སྙིགས་མེདཔ་བཟོ་ནི་གི་ དམིགས་ཡུལ་འགྲུབ་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ སྤྱིར་སྙོམས་ནང་ ཉིན་བསྟར་ཕྱགས་སྙིགས་རློནམ་ཊཱོན་༧༩༤ དང་ ཕྱགས་སྙིགས་སྐམ་ཊཱོན་༩༢༦ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཕྱགས་སྙིགས་ཚུ་ དོན་སྨིན་ཅན་ཅིག་སྦེ་ བསྡུ་ལེན་དང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་༡༥ བགོ་བཀྲམ་འབད་དེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།