སློབ་དུས་༢༠༢༤-༢༥ འི་ནང་ འབྲུག་པའི་སློབ་ཕྲུག་༡,༥༣༤ གིས་ རྒྱ་གར་གཞུང་ཚབ་ཡིག་ཚང་ལས་ སློབ་གཉེར་གྲོགས་རམ་ཚུ་ ཐོབ་ཡོདཔ་ཨིན་པས།
ཚེ་རིང་དབང་འདུས།
༉ འབྲུག་པའི་སློབ་ཕྲུག་ཚུ་ལུ་ ཤེས་ཡོན་གྱི་གོ་སྐབས་ རྒྱ་ཆེ་དྲགས་སྦེ་ར་བྱིན་ཐབས་ལུ་ རྒྱ་གར་གཞུང་ཚབ་ཀྱིས་ སློབ་དུས་༢༠༢༤-༢༥ འི་དོན་ལུ་ སློབ་ཕྲུག་༡,༥༣༤ ལུ་ དངུལ་ཀྲམ་ས་ཡ་༧༩.༦༥ གནས་པའི་ སློབ་གཉེར་གྲོགས་རམ་ཚུ་ བྱིན་ཡོདཔ་ཨིན་པས།
རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ འཕྲལ་ཁམས་ཅིག་ཁར་ སློབ་གཉེར་གྲོགས་རམ་ཚུ་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ འབྲུག་པའི་སློབ་ཕྲུག་ཚུ་ རྒྱ་གར་གྱི་སྤེལ་ཁང་དང་ མཐོ་རིམ་སློབ་གྲྭ་ དེ་ལས་ གཙུག་ལག་ཚུ་ནང་ ཆེ་རིམ་ཤེས་ཡོན་སྦྱང་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
སློབ་གཉེར་གྲོགས་རམ་ཚུ་ཡང་ ཤེས་ཡོན་མཉམ་འབྲེལ་དང་ རིག་རྩལ་གོང་འཕེལ་གྱི་ཐོག་ལུ་ རྒྱ་འབྲུག་གཉིས་ཀྱི་བར་ན་ བཟོ་ཡོདཔ་བཞིན་དུ་ རྒྱ་གར་ལུ་ ཆེ་རིམ་ཤེས་ཡོན་སྦྱང་ནི་ལུ་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ གོ་སྐབས་མང་སུ་ཡོདཔ་ཨིན་པས།
རྒྱ་གར་གཞུང་ཚབ་ཡིག་ཚང་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ རྒྱ་གར་གྱིས་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ ཡུན་རིངམོ་སྦེ་ར་ གདམ་ཁ་ཚུ་བྱིན་ཏེ་ཡོདཔ་ད་ དམིགས་བསལ་གྱི་ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ དེ་ལས་ རྩིས་ཀྱི་ཆོས་ཚན་ཚུ་ནང་ གོ་སྐབས་བྱིན་ཡོདཔ་ཨིན་པས།
འདི་བཟུམ་གྱི་ལས་རིམ་དེ་ རྒྱ་གར་གཞུང་གིས་ འབྲུག་པའི་ན་གཞོན་སློབ་ཕྲུག་ འོས་འབབ་ཡོད་མི་ཚུ་ལུ་ ཁས་བླངས་ཀྱི་ཆ་ཤས་ཅིག་ཨིནམ་ད་ སློབ་གཉེར་གྲོགས་རམ་ལས་རིམ་སྣ་ཚོགས་ ཡོད་མི་ཚུ་ནང་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཕན་ཚུན་གྱི་ སྤུས་ཚད་ཅན་དང་ ཡུན་བརྟན་ཅན་གྱི་ ཤེས་ཡོན་གྱངས་ཁ་མ་ཆོདཔ་ཅིག་གི་ཐོག་ལས་ ཐོབ་ལམ་ཡོདཔ་སྦེ་ཨིན་པས།
གནས་ཚུལ་གསར་བཏོན་ནང་འབད་བ་ཅིན་ ད་ལྟོའི་ ལས་རིམ་དེ་གིས་ རྒྱ་འབྲུག་༢ ཀྱི་བར་ན་ ཆེ་རིམ་ཤེས་ཡོན་དང་ རིག་རྩལ་གོང་འཕེལ་གྱི་ མཐུན་ལམ་དམ་ཟབ་ཚུ་ འཕྲོ་མཐུད་དེ་ར་ཡོད་པའི་ གསལ་སྟོན་འབདཝ་ཨིན་ཟེར་ཨིན་པས།
འདས་པའི་ སྤྱི་ལོ་༢༠༢༣-༢༤ གི་སློབ་དུས་སྐབས་ གཞུང་ཚབ་ཡིག་ཚང་གིས་ སློབ་གཉེར་གྲོགས་རམ་༡,༠༩༨ བྱིན་ཡོདཔ་ད་ སློབ་གཉེར་གྲོགས་རམ་དེ་ཡང་ གོ་རིམ་༢ ཀྱི་ཐོག་ལུ་སྦེ་ གོ་རིམ་དང་པའི་ནང་ སློབ་ཕྲུག་༡,༠༢༠ གིས་ གྲོགས་རམ་ཐོབ་པའི་གུ་ གོ་རིམ་༢ པའི་ནང་ ལྷན་ཐབས་སློབ་ཕྲུག་༧༨ ཀྱིས་ སློབ་གཉེར་གྲོགས་རམ་ ཐོབ་ཡོདཔ་སྦེ་ཨིན་པས།
སློབ་གཉེར་གྲོགས་རམ་འཆར་དངུལ་དེ་ སྤྱི་ལོ་༢༠༢༣-༢༤ ལུ་ ལོག་ལྟབ་སྦེ་ དངུལ་ཀྲམ་ས་ཡ་༨༠ ཡོདཔ་ད་ སློབ་དུས་༢༠༢༢-༢༣ ནང་འབད་བ་ཅིན་ རུ་པི་ས་ཡ་༣༨.༩ འབད་ཡོདཔ་ཨིན་པས།
གཞུང་ཚབ་ཡིག་ཚང་གིས་ འཆར་དངུལ་ཡར་སེང་འབད་མི་གིས་ སློབ་གཉེར་གྲོགས་རམ་ཚུ་ སློབ་ཕྲུག་གི་གྱངས་ཁ་ ཡར་སེང་འབད་ཚུགས་པའི་ཁར་ ཆོས་ཚན་ཁག་ལེ་ཤ་ཅིག་ནང་ ཡར་སེང་ཚུ་འབད་ཚུགས་ནི་ཨིན་པས།
འཆར་དངུལ་འཛིན་གྲོལ་དེ་ཡང་ དངུལ་ཁང་གི་བརྗེ་སོར་ཐོག་ལས་ སློབ་ཕྲུག་ཚུ་གི་ དངུལ་ཁང་གི་རྩིས་ཁྲའི་ནང་ ཐད་ཀར་དུ་ བཏང་དོ་ཡོདཔ་ལས་ དེ་གིས་ དྭངས་གསལ་གྱི་བྱ་རིམ་ནང་ གནས་ཚུགས་པས་ཟེར་ཨིན་པས།
གཞུང་ཚབ་ཡིག་ཚང་གིས་ དྭངས་གསལ་བཟོ་མིའི་ནང་ སློབ་གཉེར་གྲོགས་རམ་དེ་ ཆེ་རིམ་ཤེས་ཡོན་གྱི་དོན་ལུ་བྱིན་ཡོདཔ་ད་ སློབ་གྲྭ་ཚུ་ནང་ སློབ་སྦྱོང་གི་དོན་ལུ་མེན་ཟེར་ ཨིན་པའི་གནས་ཚུལ།