༉ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་(ཨེ་ཌི་བི་)དང་མཉམ་འབྲེལ་ཐོག་ལས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གིས་ ལྟ་རྟོག་ལས་རིམ་ འགོ་བཙུགས་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་གདམ་ཁ་ལུ་ དང་འདོད་བསྐྱེད་ནི་དང་ བསམ་སྤྱོད་ ཕན་ཐབས་བྱུང་སྟེ་ཡོདཔ་སྦེ་ ཨེ་ཌི་བི་བརྟག་ཞིབ་སྙན་ཞུ་ནང་ མངོན་གསལ་བྱུང་ནུག།
བརྟག་ཞིབ་དེ་ཡང་ མཁས་མཆོག་སྡེ་ཚན་ཅིག་གིས་ འགོ་འདྲེན་འཐབ་མི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ སློབ་རིམ་༡༠ པ་དང་༡༢ པའི་ སློབ་ཕྲུག་ཚུ་ལུ་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ དེ་ལས་ རྩིས་(ཨེསི་ཊེམ་) དང་ ལག་ཤེས་དང་འཕྲུལ་རིག་ཤེ་ཡོན་སྦྱོང་བརྡར་(ཊི་བེཊ) གྱི་ ཆོས་ཚན་ཚུ་ ལྷབ་སྦྱང་འབད་ནི་ལུ་ ལམ་སྟོན་ལུ་དམིགས་ཏེ་ཨིན་པས།
དང་འདོད་བསྐྱེད་མི་ ཡར་སེང་སོང་མི་དང་འབྲེལ་ བརྟག་ཞིབ་ནང་ འཛུལ་ཞུགས་འབད་ནི་དེ་ ཡར་སེང་མ་འགྱོ་བར་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།
ལས་རིམ་གྱི་འོག་ལུ་ སློབ་རིམ་༡༠ པའི་སློབ་ཕྲུག་ཚུ་ ཨེསི་ཊེམ་ཤེས་ཡོན་ནང་ བསླབ་སྟོན་འབད་དེ་ཡོད་པའི་ཁར་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་ལུ་ ཊི་བེཊ་གི་ཐབས་ལམ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
ཨེསི་ཊེམ་ལས་རིམ་གྱིས་ སློབ་ཕྲུག་ཚུ་ མཐོ་རིམ་ཤེས་ཚད་དང་ ཡང་ཅིན་ མཐོ་རིམ་ཤེས་ཚད་ཀྱི་ བསླབ་སྟོན་པ་ཚུ་དང་གཅིག་ཁར་ ཆ་སྒྲིག་འབད་དེ་ ཨེསི་ཊེམ་ཤེས་ཡོན་གྱི་སྐོར་ལས་ བརྡ་དོན་བྱིན་ཡོདཔ་མ་ཚད་ ཤེས་ཡོན་གྱི་ཉམས་མྱོང་ཚུ་ བརྗེ་སོར་འབད་ཝ་ཨིན་པས།
དེ་བཟུམ་སྦེ་ ཊི་བེཊ་བསླབ་སྟོན་ནང་ འབྲེལ་དུས་༤ ཡོདཔ་བཞིན་དུ་ ད་ལྟོ་ ཡང་ཅིན་ ཧེ་མའི་ཊེ་བེཊ་སློབ་ཕྲུག་ཚུ་གིས་ འཛུལ་ཞུགས་དགོས་མཁོ་དང་ ཞུ་ཡིག་བྱ་སྒོ་ ལཱ་གཡོག་འོས་འབབ་ དེ་ལས་ ལས་མི་ཚོང་ལམ་གྲུབ་འབྲས་དང་ རང་སོའི་ཉམས་མྱོང་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།
ཕན་གནོད་དབྱེ་ཞིབ་འབད་ནི་ལུ་ སློབ་གྲྭ་༧༦ གི་ སློབ་རིམ་༡༠ པའི་ སློབ་ཕྲུག་དང་ སློབ་གྲྭ་༣༦ གི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་ལུ་ དུས་རིམ་༢ ཀྱི་ གོ་རིམ་མེད་པའི་ཚད་འཛིན་ མོ་བཏབ་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བསླབ་སྟོན་པ་༡༤༠ གིས་ ཊི་བེཊ་ལས་རིམ་ནང་ ལྷབ་སྦྱང་འབད་མི་༧༠༠ དང་ ལམ་སྟོན་འབད་བའི་ཁར་ བསླབ་སྟོན་པ་༢༠༠ ལུ་ ཨེསི་ཊེམ་ལྷབ་སྦྱང་འབད་མི་༡,༠༠༠ ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
བརྟག་ཞིབ་ནང་ ཨེསི་ཊེམ་བསླབ་སྟོན་ཡར་སེང་ལུ་བརྟེན་ ཚན་རིག་ནང་ དང་འདོད་བསྐྱེད་མི་ཡང་ ཡར་འཕར་སོང་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ ཚད་རིག་སྡེ་ཚན་ནང་ བརྒྱ་ཆ་༤༣.༦ དང་ཕྱདཔ་ད་ སློབ་རིམ་༡༠ པའི་ སློབ་ཕྲུག་བརྒྱ་ཆ་༡༦.༢ ཀྱིས་ ཚན་རིག་ཆོས་ཚན་ གདམ་འཐུ་འབད་ནི་བཟུ་ཅིག་ཡོདཔ་ཨིན་པས།
ལས་རིམ་ལུ་བརྟེན་ སློབ་ཕྲུག་ཚུ་གི་ ཚན་རིག་གི་མནོ་ལུགས་དང་ ཁོང་རའི་ལྕོགས་གྲུབ་ཚུ་ རང་གིས་ར་ བརྟག་ཞིབ་འབད་ནི་ དེ་ལས་ མི་སྡེའི་ཆ་འཇོག་ལུ་ ཡིད་ཆེས་ཚུ་ ཡར་དྲག་ཚུགས་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གི་ རྒྱལ་ཡོངས་བཀོད་ཚོགས་ཀྱི་ ཆོས་རྒྱུགས་ནང་ བརྒྱ་ཆ་༥.༢ ཡར་སེང་སོང་ཡོདཔ་ལས་ ཨེསི་ཊེམ་གྱི་ བསླབ་བྱ་བྱིན་མི་དེ་གིས་ ཤེས་ཡོན་གྱི་ ལས་སྣ་ཚུ་ ལེགས་ཤོམ་སྦེ་འབད་ཚུགས་ཏེ་ ཡོདཔ་ཨིན་པས།
ཨིན་རུང་ འགྱུར་བ་དེ་ཚུ་གིས་ ཤུལ་མའི་ལོ་ཚུ་ནང་ ཚན་རིག་ཆོས་ཚན་ ལྷབ་སྦྱང་འབད་མི་ སློབ་ཕྲུག་ཚུ་གི་གྱངས་ཁ་ ཡར་སེང་མ་འགྱོ་བར་ ཡོདཔ་ཨིན་པས།
ཊི་བེཊ་ལས་རིམ་ནང་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་གིས་ ཊི་བེཊ་ལས་རིམ་ནང་ བརྒྱ་ཆ་༥.༩ ཡར་སེང་སོང་ཡོདཔ་ད་ ཚད་འཛིན་སྡེ་ཚན་གྱིས་ བརྒྱ་ཆ་༡༥.༩ ཡར་སེང་སོང་ཡོདཔ་ཨིན་པས།
ལས་རིམ་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ ཊི་བེཊ་ཤེས་ཡོན་ཚུ་ ཡར་དྲག་བཏང་ཡོདཔ་ད་ དེ་ཡང་ ཊི་བེཊ་གི་ སློབ་ཕྲུག་ཚུ་གི་ མི་ཚེ་དང་ ལཱ་གཡོག་གི་གོ་སྐབས་ དེ་ལས་ ལཱ་གཡོག་ཚོང་འབྲེལ་གྱི་ གྲུབ་འབྲས་ཚུ་ཨིན་པས།
དེ་བཟུམ་སྦེ་ ལས་རིམ་འགོ་བཙུགས་པའི་ཤུལ་ལས་ ཟླཝ་༩ གི་ཤུལ་ལས་ སློབ་ཕྲུག་ཚུ་གིས་ བརྡ་བརྒྱུད་ཤེས་ཡོན་སྤེལ་ཁང་ཚུ་ནང་ ཞུ་ཡིག་བཙུགས་མི་དང་ ཡང་ཅིན་ ཐོ་བཀོད་འབད་མི་ཚུ་ཡང་ དེ་ཅིག་ ཡར་སེང་མ་འགྱོ་བར་ ཡོདཔ་ཨིན་པས།
མི་སྡེའི་ནང་ ཨེསི་ཊེམ་དང་ ཊི་བེཊ་སྐོར་ལས་ མནོ་ལུགས་མ་འདྲཝ་ཡོད་མི་དེ་གིས་ གྲུབ་འབྲས་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་སྦེ་ སྙན་ཞུ་ནང་བཀོད་ནུག།
ལས་རིམ་དེ་གིས་ ཤེས་ཡོན་གྱི་ ས་སྒོ་གཉིས་ཆ་རའི་ནང་ སྤྲོ་བ་སྦོམ་སྦེ་ར་ བསྐྱེད་དེ་ཡོད་རུང་ སློབ་ཕྲུག་ཚུ་གིས་ ཚེ་གཡོག་གི་གྲོས་ཐག་གཅད་ནི་ལུ་ ཐབས་ལམ་ཁ་སྐོང་ཚུ་ དགོཔ་ཡོདཔ་ཨིན་པས།
དེ་ནང་ ཨིསི་ཊེམ་གྱི་ སློབ་ཕྲུག་ཚུ་ དོ་འགྲན་ཅན་གྱི་ ཆོས་རྒྱུགས་ཚུ་གི་དོན་ལས་ གྲ་སྒྲིག་འབད་ནི་དང་ ཊེ་བེཊ་ལུ་ ཉེ་རིང་ཡོད་མི་ཚུ་བསལ་ནི་ཚུ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།