༉ རྒྱལ་ཁབ་ནང་ ཁག་འབགཔ་བརྒྱ་ཆ་༧༠དེ་ཅིག་ ལཱ་དཀོན་པའི་དཀའ་ངལ་དང་ ཡང་ཅིན་ དངུལ་འབྲེལ་གནས་སྟངས་ལཱ་ཁག་རྐྱབ་པའི་དུས་ཚོད་ལུ་ མཁོ་སྒྲུབ་ལུམ་ལུགས་དང་སྒྲིག་གཞི་༢༠༢༣ གྱི་ བསྐྱར་ཞིབ་འབད་མི་དེ་གིས་ བཟོ་སྐྲུན་ལས་སྡེ་ ལོག་སྒྲིང་སྒྲི་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ད་ལྟོ་ གཞུང་གིས་ བཟོ་གྲྭའི་གདོང་ལེན་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ མཁོ་སྒྲུབ་ལུམ་ལུགས་དང་སྒྲིག་གཞི་དང་ ཚད་ལྡན་རིན་བསྡུར་ཡིག་ཆ་ཚུ་ ལོག་དབྱེ་ཞིབ་འབད་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༣ ལུ་ མཁོ་སྒྲུབ་དང་རྒྱུ་དངོས་ལས་ཁུངས་དང་ ཁག་འབགཔ་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་འཚོགས་ནི་ཨིན་མི་དེ་གིས་ མཁོ་སྒྲུབ་བྱ་རིམ་ཚུ་ནང་ གཞུང་གིས་ ལེགས་བསྒྱུར་འབད་ནིའི་དོན་ལུ་ བཟོ་གྲྭའི་འགོ་ཁྲིདཔ་ཚུ་གིས་ ཚ་གྱང་དང་ བྱ་སྟབས་མ་བདེཝ་ཚུ་ གསལ་བཀོད་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
གྲོས་བསྟུན་འབད་མི་ཚུ་གིས་ ལམ་ལུགས་བྱ་སྟབས་བདེ་ཏོག་ཏོ་བཟོ་ནི་དང་ རྒྱལ་ཁབ་ནང་འཁོད་ཀྱི་ ཁག་འབགཔ་ཚུ་གི་དོན་ལུ་ འདྲ་མཉམ་གནས་སྟངས་བཟོ་ནི་ལུ་ དམིགས་གཏད་བསྐྱེད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཁག་འབགཔ་ཚུ་གིས་ ད་ལྟོའི་ མཁོ་སྒྲུབ་ལམ་ལུགས་ནང་ ཐད་ཀར་དུ་ ཁག་འབག་ལཱ་བྱིན་མི་དང་ མཁོ་སྒྲུབ་ལུམ་ལུགས་དང་སྒྲིག་གཞི་ནང་ གཅིག་མཚུངས་མེད་པའི་དཀའ་ངལ་ དེ་ལས་ ལས་སྡེ་ལ་ལུ་ཅིག་གིས་ དབང་ཤུགས་བཙོང་བའི་ གནད་དོན་ཚུ་ལུ་བརྟེན་ ཁག་འབགཔ་ཚུ་ལུ་ གོ་སྐབས་ཉུང་སུ་ཅིག་ལས་ མ་འཐོབ་པའི་གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས།
འབྲུག་གི་བཟོ་སྐྲུན་ཚོགས་སྡེའི་གཙོ་འཛིན་ བཀྲིས་དབང་རྒྱལ་གྱིས་ སླབ་མིའི་ནང་ ཁག་འབགཔ་མང་ཤོས་ཅིག་ར་ དངུལ་འབྲེལ་གྱི་དཀའ་ངལ་ནང་ཚུད་དེ་འདུག་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ སྐྱིན་འགྲུལ་དུས་འགྱངས་དེ་ སང་ཕོད་ སྤྱི་ཟླ་༦ པ་ཚུན་ཐོབ་ཡོདཔ་ད་ ལ་ལུ་ཅིག་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་དཀའ་ངལ་ཚུ་ བྱུང་སྟེ་ཡོད་ཟེར་ཨིན་པས།
བཟོ་སྐྲུན་ལས་སྡེ་ལུ་ ནད་ཡམས་ཀྱི་ ཡུན་རིང་གནོད་སྐྱོན་བྱུང་མི་ལུ་བརྟེན་ བཟོ་སྐྲུན་ལས་སྡེ་མང་ཤོས་ཅིག་གིས་ དངུལ་འབྲེལ་མཐུན་རྐྱེན་འཐོབ་མ་ཚུགས་པར་ལུས་ཡོདཔ་ད་ དེ་ཡང་ དངུལ་སྤྲོད་མ་ཚུགས་ནི་དེ་གིས་ ལཱ་གི་མ་རྩ་དང་ དངུལ་ཁང་གི་འགན་ལེན་ཚུ་ མ་འཐོབ་ཨིན་པས།
བཀྲིས་དབང་རྒྱལ་གྱིས་ སླབ་མིའིནང་ མཁོ་སྒྲུབ་ལུམ་ལུགས་དང་སྒྲིག་གཞི་དེ་ མཁོ་སྒྲུབ་ལས་སྡེ་དང་ རྫོང་ཁག་ཚུ་གི་བར་ན་ ཁྱད་པར་སྦོམ་སྦེ་ར་ཡོདཔ་ལས་ ཁག་འབགཔ་ཚུ་གི་དོན་ལུ་ ཏན་ཏན་མེད་པའི་ཁར་ མགུ་འཐོམ་བྱུངམ་མས་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་ ཚ་གྱང་བཀོད་མིའི་ནང་ ཁག་འབག་གི་གན་ཡིག་ཚུ་ནང་ དམིགས་བསལ་གྱི་གནས་སྟངས་ཚུ་ འཕྲལ་འཕྲལ་ར་ ཁག་འབགཔ་ལུ་ཡོད་པའི་ ཐོན་ཁུངས་ཚུ་ལུ་ གཞི་བཞག་སྟེ་ བཟོ་དོ་ཡོདཔ་ལས་ དེ་གིས་ འགྲན་བསྡུར་འབད་ནི་ལུ་ བར་ཆད་རྐྱབ་མས་ཟེར་ཨིནམ་ད་ འདི་གིས་ ཁག་འབགཔ་ཚུ་དང་ མཁོ་སྒྲུབ་ལས་སྡེ་གི་བར་ན་ མཉམ་འབྲེལ་གྱི་གནད་དོན་ཚུ་ ཐོནམ་བས་ཟེར་ཨིན་པས།
གནད་དོན་གཙོ་བོ་གཅིག་ མཁོ་སྒྲུབ་འབད་མི་ཚུ་ ཐད་ཀར་དུ་ ཁག་འབག་ལཱ་སྤྲོད་མི་དེ་ཨིནམ་ད་ དེ་གིས་ གཞུང་འབྲེལ་མཁོ་སྒྲུབ་ལམ་ལུགས་ལས་བརྒལ་བའི་ཁར་ མཁོ་སྒྲུབ་ལུམ་ལུགས་དང་སྒྲིག་གཞི་ཡང་ མེདཔ་བཏངམ་མས་ཟེར་ཨིན་པས།
དམིགས་བསལ་དུ་ མི་སྡེའི་ཁག་འབག་ལཱ་ཚུ་ འཕྲལ་འཕྲལ་སྦེ་ར་ དགོས་མཁོའི་ཆོག་ཐམ་དང་ ཉམས་མྱོང་ དེ་ལས་ ཉེན་སྲུང་ལམ་ལུགས་ཚུ་མེད་པའི་ ཁག་འབགཔ་ཚུ་ལུ་ བྱིནམ་མས་ཟེར་ཨིན་པས།
བཀྲིས་དབང་རྒྱལ་གྱིས་ བཤད་མིའི་ནང་ མ་གཞི་ དངུལ་ཀྲམ་ས་ཡ་༡.༥ འོག་རྒྱུ་འབད་མི་ ཁག་འབག་ལཱ་དེ་ ཐད་ཀར་དུ་ བྱིན་ཆོག་ནི་ཨིན་རུང་ དེ་གིས་ ཁག་འབག་ལཱ་སྦོམ་ཚུ་ མ་དངུལ་ཆུང་སུ་སྦེ་ དབྱེ་ཁག་བཟོ་སྟེ་ བྱིནམ་མས་ཟེར་ཨིནམ་ད་ བཀྲིས་དབང་རྒྱལ་གྱིས་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༣ གྱི་ ཁག་འབག་ལཱ་དེ་ དངུལ་ཀྲམ་ས་ཡ་༡.༥ ལུ་ བགོ་བཤའ་རྐྱབ་པའི་ གནད་དོན་ཚུ་ཡང་ འདུག་ཟེར་ཨིན་པས།
ཚོང་འབྲེལ་ནང་ ཁག་འབགཔ་ཚུ་གིས་ གང་ཡོད་པའི་གནད་དོན་དེ་ སེལ་ཐབས་འབད་ནིའི་དོན་ལུ་ གཞུང་གིས་ ཁག་འབགཔ་གི་གྱངས་ཁ་དེ་ ལཱ་གི་གྲུབ་འབྲས་ལུ་གཞི་བཞག་སྟེ་ འཛིན་སྐྱོང་འབད་དགོཔ་སྦེ་ གྲོས་འཆར་ཕུལ་ཡོདཔ་ད་ དེ་་ཡང་ ཁྱད་ཚད་ལྡན་པའི་ ཁག་འབགཔ་རྐྱངམ་གཅིག་ལུ་ ལཱ་གི་གོ་སྐབས་བྱིན་ནི་དེ་ འཛིན་སྐྱོང་འབད་དགོཔ་སྦེ་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ཁག་འབགཔ་ཚུ་ལུ་ ལཱ་གི་གོ་སྐབས་བྱིན་ཏེ་ ཁོང་རའི་ལྕོགས་གྲུབ་ཚུ་ གསལ་སྟོན་འབད་ནི་གི་ གོ་སྐབས་བྱིན་དགོ་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་ གཞུང་ལུ་ ཁག་འབགཔ་ཚུ་གི་ ལྕོགས་གྲུབ་བརྟག་དཔྱད་འབད་ནིའི་དོན་ལུ་ ཁག་འབགཔ་གཞན་ཚུ་གིས་ ལཱ་གི་གནས་ཚད་ ལྟ་རྟོག་འབད་དགོ་པའི་ ནན་སྐུལ་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཁག་འབགཔ་༢,༨༠༠ཡོད་ས་ལས་༣༠༠ཆེ་བ་དང་ འབྲིང་རིམ་ཁག་འབགཔ་ཚུ་ཨིནམ་ད་ ད་ལྟོ་ བཟོ་སྐྲུན་ཚོང་འབྲེལ་ནང་ ལཱ་འབད་མི་༡༠,༠༠༠ལྷགཔ་ཅིག་ ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༢༠༠ལྷགཔ་ཅིག་ བཙུགས་ཡོདཔ་ལས་ ཁག་འབགཔ་ཚུ་ སྲིད་བྱུས་བསྐྱར་ཞིབ་འབད་མི་དེ་གིས་ ལས་སྡེ་ཡར་དྲག་གཏང་ཚུགས་པའི་ རེ་བ་བསྐྱེད་དོ་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།