༉ སང་ཕོད་ཀྱི་ སློབ་དུས་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་ཚུ་གི་བར་ན་ ཟས་བཅུད་ཀྱི་ དཀའ་ངལ་སེལ་ཐབས་ལུ་ སློབ་གྲྭ་བཟའ་སྤྱོད་ལས་རིམ་བརྒྱུད་དེ་ མོ་བཏབ་ཐོག་ གདམ་འཐུ་འབད་མི་ སློབ་གྲྭ་༣༠༠ ལས་ སློབ་ཕྲུག་༣༢,༠༠༠ གིས་ ཨ་ལོ་རེ་ལུ་ སྒོང་རྡོག་རེ་གི་ ལས་རིམ་ཐོག་ལས་ ཉིནམ་རེ་ལུ་ སྒོང་རྡོག་རེ་ འཐོབ་ཚུགས་ནི་ཨིན་པས།
ལས་རིམ་དེ་ཡང་ ཁ་ཙ་ འཛམ་གླིང་རྒྱལ་སྤྱིའི་ བཟའ་འཐུང་དང་སོ་ནམ་ལས་ཚོགས་(ཨེཕ་ཨེ་ཨོ)ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ ཀིའུ་ཡུ་ ཌོན་གུ་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་༢ ཀྱིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།
མོ་བཏབ་ཀྱི་ གོ་རིམ་དང་པའི་ལས་རིམ་ནང་ ཨེཕ་ཨེ་ཨོ་གིས་ རྒྱལ་ཡོངས་ནང་ ལག་ལེན་མ་འཐབ་པའི་ཧེ་མར་ སློབ་དུས་གསརཔ་འགོ་བཙུགས་མི་དང་ རིམ་སྒྲིག་སྟེ་ སྤྱི་ལོ་༢༠༢༥ འི་ བཞི་དཔྱད་དང་པའི་ནང་ ཡུ་ཨེསི་ཌི་ས་ཡ་༢ བྱིན་ནི་སྦེ་ ཁས་ལེན་འབད་དེ་ ཡོདཔ་ཨིན་པས།
འབྲུག་ལུ་ ཟས་བཅུད་ཀྱི་གནད་དོན་དེ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལུ་བརྒྱ་ཆ་༡༧.༩ གཟུགས་སྦོམ་མ་ཐལ་མི་དང་ བརྒྱ་ཆ་༨.༩ ལྗིད་ཚད་མ་ལང་མི་ དེ་ལས་ བུམོ་བརྒྱ་ཆ་༣༦.༥ ཁྲག་དང་འབྲེལ་བའི་ དཀའ་ངལ་ཐོན་མི་ཚུ་ ཡོདཔ་ཨིན་པས།
འཕྲལ་ཁམས་ཀྱི་ བརྟག་ཞིབ་ནང་འབད་རུང་ སློབ་གྲྭའི་ཨ་ལུ་ཚུ་ལུ་ ཟས་བཅུད་དང་འབྲེལ་བའི་ དཀའ་ངལ་སྦོམ་སྦེ་ར་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ ཟད་བཅུད་ཀྱི་ དཀའ་ངལ་དེ་ ཟས་བཅུད་མེདཔ་ལས་ གཟུགས་སྦོམ་ཐལ་ནི་ ཕྱིས་དོ་ཡོདཔ་མ་ཚད་ ཤེས་ཚོར་གོང་འཕེལ་གཏང་ནི་ལུ་ཡང་ ཐོ་ཕོག་དོ་ཡོདཔ་ཨིན་པས།
ལཱ་རྩ་འགེངས་ཏེ་འབད་རུང་ ཨ་ལུ་མང་ཤོས་ཅིག་ལུ་ ཟས་བཅུད་དང་འབྲེལ་བའི་ བཞེས་སྒོ་ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ སོ་ནམ་དང་སྒོ་ནོར་ལྷན་ཁག་འབད་བ་ཅིན་ སྒོང་རྡོག་ལུ་ སྤུས་ཚད་ལྡན་པའི་ ཟས་བཅུད་དང་ བི་ཊ་མིནསི་ལ་སོགས་པ་ཚུ་ཡོདཔ་ལས་ ཟས་བཅུད་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
ཨེཕ་ཨེ་ཨོ་གི་ ཞིབ་འཚོལ་དང་འཁྲིལ་བ་ཅིན་ སློབ་གྲྭའི་བཟའ་འཐུང་ལས་རིམ་ནང་ སྒོང་རྡོག་བྱིན་ནི་ འགོ་བཙུགས་པ་ཅིན་ ཡུན་བརྟན་གྱི་ ཁེ་ཕན་ཡོད་པའི་ཁར་ ནད་བཀག་དང་ ཤེས་ཡོན་གྱི་ གྲུ་འབྲས་ཡང་ ཡར་འཕར་འགྱོ་འོང་ཟེར་ཨིན་པས།
ཨ་ལུ་རེ་ལུ་སྒོང་རྡོག་རེ་གི་ ལས་རིམ་གྱི་ གྲོས་འཆར་འགོ་དང་པ་ར་ འཛམ་གླིང་རྒྱལ་སྤྱི་ཡོངས་ཁྱབ་ཚོགས་འདུ་ ཐེངས་༧༩ པའི་ ཆེ་མཐོའི་གྲོས་བསྟུན་ལས་རིམ་ནང་ ཌོག་ཊར་ ཀིའུ་ཡུ་ ཌོན་གུ་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་༢ ཀྱིས་ བཙུགས་ཡོདཔ་ཨིན་པས།
དེ་ལས་ ལས་རིམ་དེ་ འཛམ་གླིང་བཟའ་འཐུང་གྲོས་འཛོམས་༢༠༢༤ པའི་ནང་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ འབྲུག་གི་ ཨ་ལུ་ཟས་བཅུད་དང་ བཟའ་འཐུང་ཉེན་སྲུང་འབད་ནི་གི་ མདུན་སྐྱོད་ཀྱི་ ལས་རིམ་གཙོ་ཅན་ཅིག་ཨིན་པས།
ལས་རིམ་འགོ་འབྱེད་འབད་བའི་སྐབས་ ཡོངས་ཁྱབ་མདོ་ཆེན་གྱིས་ ལས་རིམ་དེ་ ཐབས་ལམ་འཇམ་ཏོང་ཏོ་ཅིག་ཨིན་རུང་ གཏིང་ཟབ་པའི་ ཐབས་ལམ་ཨིནམ་ལས་ ཨ་ལུའི་ཟས་བཅུད་ཡར་དྲག་གཏང་ནི་ལུ་ ཁག་ཆེཝ་དང་ ཕན་གནོད་སྦོམ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ ལས་རིམ་གྱི་ མ་དངུལ་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ ཉིན་བསྟར་ ཨ་ལུ་རེ་ལུ་ སྒོང་རྡོག་རེ་བྱིན་ནི་ལུ་ ངེས་བརྟན་འབད་ཐོག་ ལས་རིམ་དེ་ མཐར་འཁྱོལ་ཅན་ཅིག་ བཟོ་འོང་ཟེར་ཨིན་པས།
ག་ཅི་སྦེ་ སློབ་གྲྭ་ནང་འགྱོ་མི་ ཨ་ལུ་ཚུ་རྐྱངམ་གཅིག་ལུ་ སྒོང་རྡོག་བྱིན་ནི་ཨིན་ན?
སྣ་མང་དབུལ་ཕོངས་ཀྱི་ཚད་གཞི་༢༠༢༢ ཅན་མ་དང་འཁྲལི་བ་ཅིན་ འབྲུག་པའི་ཨ་ལུ་ བརྒྱ་ཆ་༢༠.༧ ལུ་ དབུལ་ཕོངས་ཀྱི་ ཚད་གཞི་འོག་རྒྱུ་ཡོདཔ་ད་ བརྒྱ་ཆ་༢༥ དེ་ སྐྱེས་ལོ་༧ ལས་༡༠ བར་ན་ཡོད་མི་ཚུ་ཡོདཔ་བཞིན་དུ་ མང་ཤོས་ཅིག་ལུ་ སློབ་གྲྭའི་བཞེས་སྒོ་དེ་ ཟས་བཅུདཀྱི་ ཐོན་ཁུངས་ངོ་མ་ཅིག་ཨིན་པས།
སོ་ནམ་དང་སྒོ་ནོར་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སློབ་ཕྲུག་མང་ཤོས་ཅིག་ལུ་ སློབ་གྲྭའི་བཞེས་སྒོ་དེ་ ཟས་བཅུད་ངོ་མ་ཅིག་འོང་ནི་ཨིནམ་ད་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་མང་ཤོས་ཅིག་ལུ་ ཉེར་མཁོའི་ཟས་བཅུད་ སྒོང་རྡོག་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
མོ་བཏབ་ལས་རིམ་དེ་ མཐའ་ཟུར་དང་ སློབ་གྲྭ་ཆུང་བ་ཚུ་ གཙོ་རིམ་བཟུང་མི་དེ་ཡང་ མང་ཤོས་ཅིག་ལུ་ ཟས་བཅུད་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་པས།
ད་རེས་ འབྲུག་པའི་སློབ་གྲྭའི་བཟའ་འཐུང་ལས་རིམ་གྱིས་ སློབ་ཕྲུག་༨༨,༧༨༤ ཕན་ཐོགས་བྱུང་སྟེ་ཡོདཔ་ད་ དེ་གི་གྲས་ལས་ སློབ་ཕྲུག་༣༧,༦༩༧ གྱིས་ ཉིནམ་རེ་ལུ་ བཞེས་སྒོ་ཚར་༣ ཐོབ་དོ་ཡོད་པའི་ སློབ་ཕྲུག་༣༠,༦༤༧ གིས་ བཞེས་སྒོ་ཚར་༢ དེ་ལས་ སློབ་ཕྲུག་༢༢,༠༨༩ གིས་ སློབ་གྲྭ་ལས་ བཞེས་སྒོ་ཚར་རེ་ མི་ཐོབ་དོ་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལ་བ་ཅིན་ ཟས་བཅུད་ལངམ་སྦེ་ཡོད་པ་ཅིན་ ཨ་ལུ་ཚུ་གི་ ལྷབ་སྦྱང་ ཤེས་ཡོན་གྱི་གྲུབ་འབྲས་ལེགས་ཤོམ་ཐོན་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
སློབ་གྲྭ་ཚུ་ནང་ སྒོང་རྡོག་གི་ ལས་རིམ་འགོ་བཙུགས་མི་གིས་ དམིགས་བསལ་ སློབ་གྲྭ་ལས་ ཉིན་བསྟར་ བཞེས་སྒོང་ཚར་རེ་ལས་བརྒལ་ མ་ཐོབ་མི་ སློབ་ཕྲུག་༢༢,༠༨༩ ལུ་ ཟས་བཅུད་འཐོབ་ནིལུ་ ཕན་འདེབས་འབད་ཚུགས་ནི་ཨིན་པས།
ལས་རིམ་དེ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་དང་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ དེ་ལས་ སོ་ནམ་དང་སྒོ་ནོར་ལྷན་ཁག་དང་ སོ་ནམ་མཉམ་ལས་ཚུ་གིས་ ལག་ལེན་འཐབ་སྟེ་ སློབ་གྲྭ་ཚུ་ནང་ སྒོང་རྡོག་ཚུ་ ལེགས་ཤོམ་སྦེ་ བཀྲམ་སྤེལ་འབད་ནི་ཨིན་པས།
ལས་རིམ་འགོ་འབྱེད་དང་འབྲེལ་ ཁ་ཙ་ འབྲུག་དང་ ཨེཕ་ཨེ་ཨོ་གིས་ འབྲུག་དང་ སོ་ནམ་ཡུན་བརྟན་མ་དངུལ་ཅིག་ཡང་ འགོ་འབྱེད་འབད་ཡོདཔ་ཨིན་པས།
འབྲུག་སོ་ནམ་ཡུན་བརྟན་མ་དངུལ་དེ་ རྒྱལ་ཁབ་ནང་ སོ་ནམ་གཞི་སྒྱུར་འབད་ནི་ ཐབས་བྱུས་ཅིག་ཨིནམ་ད་ མ་དངུལ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་ འཛམ་གླིང་གི་ཁས་ལེན་ ཡུན་བརྟན་གོང་འཕེལ་གྱི་ དམིགས་ཡུལ་ཚུ་དང་ རིམ་སྒྲིག་སྟེ་ ཡོདཔ་ཨིན་པས།
མ་དངུལ་ཀྱིས་ གནམ་གཤིས་འགྱུར་བགྲོད་དང་ ཚོང་ལམ་དང་འབྲེལ་བའི་དཀའ་ངལ་ དེ་ལས་ མི་དང་རི་དྭགས་སེམས་ཅན་གྱི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།