༉ ཟ་ཁམས་དང་ལྡན་པའི་འཕྲོད་བསྟེན་ཅན་གྱི་སྔོ་ཇ་དེ་ ཀྲོང་གསར་བསམ་གྲུབ་ཆོས་གླིང་ལུ་ འཛུགས་སྐྱོང་འབད་དེ་ སྔར་སྲོལ་དར་ཁྱབ་སོང་མི་ བསྲུ་ཇ་ལས་ སྔོ་ཇ་(གི་རིན་ཊ་)ལུ་སོར་འགྱུར་ འབད་ཡོདཔ་ཨིན་པས།
མཉམ་འབྲེལ་ལས་སྡེ་གིས་ གཞི་བཙུགས་འབད་མིའི་ནང་ དུས་ཅི་གི་ལོའི་སྔ་ཆ་ལུ་ ཨུ་ལུང་དང་ ནག་ཇ་ཚུ་ ཐོན་སྐྱེད་འབད་ཡོདཔ་ད་ སྤྱི་ལོ་༢༠༢༥ ལུ་ འབྲུག་པའི་མཏ་ཆ་དང་ དཀར་ཇ་ཚུ་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
བསམ་གྲུབ་ཆོས་གླིང་ སྔོ་ཇ་ཚོང་ལས་སྡེ་ཚན་གྱི་ ཁྲི་འཛིན་སྐྱེས་ལོ་༣༤ ལང་མི་ རིན་ཆེན་ལྷ་མོ་གིས་ བཤད་མིའ་ནང་ མཏ་ཆ་ཟེར་མི་ ཇའི་རིགས་དེ་ལུ་ ཤིང་གི་གྱིབ་མ་དགོཔ་སྦེ་ འདུག་ཟེར་ཨིནམ་ད་ མཉམ་འབྲེལ་ལས་སྡེ་གིས་ ཇ་ཤིང་འདི་ཚུ་གུ་ལུ་ རས་བྱང་ཧོནམ་ཚུ་ བཀབ་ནིའི་འཆར་གཞི་ཡོདཔ་ད་ ད་རུང་ ཇ་དཀར་གྱི་དོན་ལུ་ སྦྱོང་བརྡར་ཚུ་ བྱིན་ནིའི་འཆར་གཞི་ཡང་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
ཀུ་འུནསི་ལས་འགུལ་དེ་ ཐའེ་ལེནཌ་མཉམ་འབྲེལ་ལས་སྡེ་ངོ་ཚབ་ཀྱིས་ རྒྱབ་སྐྱོར་ཐོག་ལས་ སྤྱི་ལོ་༢༠༢༢ ལུ་ སྦྱོང་བརྡར་ཚུ་བྱིན་ཏེ་ འགོ་བཙུགས་ཡོདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱིས་ ཤོག་སྒམ་རྐྱབ་ནིའི་བདེ་སྒྲིག་འབད་ཡོདཔ་ད་ ཇ་སྒམ་རྐྱབ་ནིའི་མཁོ་ཆས་ཚུ་ ལས་སྡེ་ལེ་ཤ་ཅིག་ མཉམ་ལས་ཐོག་ལས་ ཀོ་རི་ཡ་ གཞུང་མིན་ལས་ཚོགས་ཀྱིས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཁོ་གིས་ གལ་སྲིད་ ང་བཅས་ཀྱི་ ཤོག་སྒམ་རྐྱབ་ནི་དེ་ རྒྱལ་སྤྱིའི་གནས་ཚད་དང་ མཐུནམ་སྦེ་འབད་ཚུགས་པ་ཅིན་ ཚོང་འབྲེལ་གྱི་རྒྱབ་སྐྱོར་ཡང་ འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
སྤུས་ཚད་ཅན་གྱི་ སྔོ་ཤིང་གུ་ལས་ བསྡུ་བསྒྱོམ་འབད་མི་ལོ་འདབ་ཚུ་ རང་བཞིན་རྫས་སྦྱོར་མེད་པའི་ ཇ་རིགས་ཐོན་སྐྱེད་འབད་དོ་ཡོདཔ་ད་ ལོ་འདབ་སྒོ་ཡངས་ཅན་དང་ ཤོག་སྒམ་སྣ་ཚོགས་སྦེ་རྐྱབ་སྟེ་ གཞན་དང་མ་འདྲ་བའི་ ཇ་རིགས་དྲོཝ་མ་འདྲཝ་ཚུ་ཡོད་པ་ཅིན་ མཁོ་འདོད་བཀོད་མི་ཡང་ མངམ་ཐོན་དོ་ཡོདཔ་ཨིན་པས།
གསར་བཟོ་ཅན་ཚུ་ འགོ་བཙུགས་ཞིནམ་ལས་ ཉོ་སྤྱོདཔ་ཚུ་གིས་ ང་བཅས་ཀྱི་ཐོན་སྐྱེད་ལུ་ ངོས་ལེན་འབདཝ་མས་ཟེར་ རིན་ཆེན་ལྷ་མོ་གིས་ བཤདཔ་ཨིན་པས།
མི་སྡེ་བརྡ་བརྒྱུད་ཀྱིས་ ཐོན་སྐྱེད་དེ་ དར་ཁྱབ་བཏང་ཡོདཔ་ད་ མི་སྡེ་བརྡ་བརྒྱུད་ཀྱིས་ ང་བཅས་ཀྱི་ཚོང་འབྲེལ་དེ་ལུ་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ ང་བཅས་ཀྱི་ཐོན་སྐྱེད་དེ་ ཚོང་མགྲོན་པའི་དོན་ལུ་ གོ་སྐབས་དང་པ་སྦེ་ བཞག་ཚུགས་པའི་རེ་བ་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ཤོག་སྒམ་རྐྱབ་ནི་ལུ་ གདོང་ལེན་བྱུང་མི་ལུ་བརྟེན་ འཐུས་མི་ཚུ་ལུ་ དངུལ་ཕོགས་བྱིན་ནི་ཚུ་ ཕྱིས་ཏེ་ལུས་པའི་ཁར་ ལོ་མཇུག་བསྡུཝ་ད་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མ་ཚར་བར་ ལུས་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ ད་རེས་འཕྲལ་ཁམས་ལུ་མ་གཏོགས་ ཐོན་སྐྱེད་ཚུ་མཇུག་བསྡུ་མ་ཚུགས་ཟེར་ཨིནམ་ལས་ ང་བཅས་ཀྱིས་ ཕྱི་འབྲེལ་གྱི་ མཁོ་འདོད་འགྲུབ་མ་ཚུགས་མི་ལུ་བརྟེན་ ནང་འཁོད་ཀྱི་ཚོང་མགྲོན་པ་ཚུ་ལུ་ དེ་ཅིག་ར་ མཁོ་འདོད་འབད་མ་ཚུགས་ཟེར་ རིན་ཆེན་ལྷ་མོ་གིས་ བཤདཔ་ཨིན་པས།
ཨིན་རུང་ ང་བཅས་ཀྱི་ སེམས་ཤུགས་མ་ཉམས་པར་ ནང་འཁོད་དང་ ཕྱི་འབྲེལ་གཉིས་ཆ་ར་ནང་ ཚོང་ལམ་རྒྱ་སྐྱེད་འབད་བའི་གུ་ ཡུ་ཨེས་དང་ ཀེ་ན་ཌ་ དེ་ལས་ ནི་དར་ལེནཌ་ཚུ་ནང་ཡང་ ཚོང་འབྲེལ་འཐབ་དོ་ཟེར་ཨིན་པས།
ཐོན་སྐྱེད་ཚུ་ ཐིམ་ཕུག་སི་ཨེས་ཨའི་ཚོང་ཁང་ནང་ལས་ འཐོབ་ཚུགས་ནི་དང་ ཚོང་འབྲེལ་དེ་ ནང་འཁོད་ཀྱི་ཚོང་འབྲེལ་དང་གཅིག་ཁར་ སྦྲེལ་མཐུད་འབད་དེ་ཡོདཔ་ཨིན་པས།
གྲུབ་འབྲས་མཐར་འཁྱོལ་བྱུང་ཐབས་ལུ་ མཉམ་འབྲེལ་ལས་སྡེ་ལུ་ གདོང་ལེན་བྱུང་དོ་ཡོདཔ་ད་ དམིགས་བསལ་གྱི་ རྒྱལ་སྤྱིའི་ནང་ ཚོང་འབྲེལ་འཐབ་ནི་ལུ་ གདོང་ལེན་ཡོདཔ་བཞིན་དུ་ ཕྱིར་ཚོང་འཐབ་ནི་ལུ་ གནམ་གྲུའི་གླ་ཆ་མཐོ་དྲགས་ཡོད་མི་གིས་ ཐོན་སྐྱེད་ཀྱི་གོང་ཚོད་ཡར་སེང་འགྱོ་དོ་ཡོདཔ་ལས་ ཚོང་མགྲོན་པ་ མར་བབས་འགྱོ་དོ་ཡོདཔ་སྦེ་ཨིན་པས།
ཕྱི་འབྲེལ་ཚོང་ལས་ལ་ལུ་ཅིག་གིས་ གླ་ཆ་ཉུང་སུ་གནས་ཐབས་ལུ་ མཚོ་གླིང་བརྒྱུད་དེ་ སྐྱེལ་འདྲེན་འབད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོད་རུང་ འདི་བཟུམ་གྱི་ ཐབས་བྱུས་བཏོན་ནི་ལུ་ གཞུང་གིས་ རྒྱབ་སྐྱོར་གནང་དགོཔ་འདུག་ཟེར་ རིན་ཆེན་ལྷ་མོ་གིས་ བཤདཔ་ཨིན་པས།
མཉམ་འབྲེལ་ལས་སྡེ་དེ་ བྲག་སྟེང་རྒེད་འོག་ལས་ གཡུས་ཚན་བརྒྱད་ཀྱི་ ཨམ་སྲུ་འཐུས་མི་༣༤ གིས་ ལག་ལེན་འཐབ་དོ་ཡོདཔ་ད་ མང་ཤོས་ཅིག་གིས་ ཁོང་རའི་མི་ཚེ་འཚོ་སྐྱོང་དེ་ སྔོ་ཇ་ལུ་བརྟེན་དོ་ཡོད་མི་དེ་ཡང་ སྔོ་ཇ་གིས་ ལོ་བསྟར་འོང་འབབ་རང་སོའི་ ས་རྒྱ་ཆེ་ཆུང་དང་འཁྲིལ་ དངུལ་ཀྲམ་༤༠,༠༠༠ དང་ དངུལ་ཀྲམ་༧༠༠,༠༠༠ གྱི་བར་ན་ ཐོབ་ཚུགས་དོ་ཡོདཔ་ཨིན་པས།
ངེ་གི་ ས་ཆ་ཨེ་ཀར་༣ འབད་མི་དེ་ ག་ར་སྔོ་ཇ་འཛུགས་སྐྱོང་འབད་ཡོདཔ་ད་ ཐ་ན་ ཚོད་བསྲེ་ལྡུམ་ར་ཅིག་གི་ ས་སྟོང་ཡང་མ་བཞག་པར་ སྔོ་ཇ་ཚུ་བཙུགས་ཏེ་ཡོད་ཟེར་ རིན་ཆེན་ལྷ་མོ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ སྔོ་ཇ་འཛུགས་སྐྱོང་འབད་ནི་དེ་ ས་ཆ་ཨེ་ཀར་༤༧ གི་ཐོག་ལུ་ འབད་ཡོདཔ་ཨིན་རུང་ ད་རེས་ ཨེ་ཀར་༡༠༠ ལུ་ཡར་སེང་འབད་མི་གིས་ འཐུས་མི་ཚུ་ལུ་ སྔོ་ཇ་བསྡུ་གསོག་ཡར་སེང་ སོང་ཡོདཔ་སྦེ་ཨིན་པས།
མཉམ་འབྲེལ་ལས་སྡེ་གིས་ གཞུང་གི་སྒྲིང་ཁྱིམ་ཐོག་གཉིས་འབད་མི་ ད་ལྟོ་ཚོང་ཁང་སྦེ་ཡོད་མི་དེ་ བསྐྱར་བཟོ་འབད་དེ་ ལས་བྱེདཔ་འཐུས་མི་ཚུ་ལུ་ གོ་སྐབས་བཟུམ་ཅིག་སྦེ་ ཇ་ཁང་ལུ་བསྒྱུར་བཅོས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ སྔོ་ཇ་བསྡུ་བསྒྱོམ་འབད་མི་ཚུ་ ཚོང་ཁང་ནང་འབག་འོང་ཞིནམ་ལས་ བཟོ་སྦྱོར་དང་ སྒམ་རྐྱབ་ནི་ཚུ་ འབད་དོ་ཡོདཔ་ཨིན་པས།
མཉམ་འབྲེལ་ལས་སྡེ་དེ་ སྤྱི་ལོ་༢༠༠༩ ཟླ་༤ པའི་ཚེས་༢༧ ལུ་ འཐུས་མི་༢༧ གྱི་ཐོག་ལུ་ འགོ་འབྱེད་འབད་ཡོདཔ་ད་ དེ་གི་ཤུལ་ལས་ ཧེ་མ་འབད་བ་ཅིན་ སྔོ་ཇའི་ཤིང་ཚུ་ ནགས་ཚལ་དང་ གླིང་ག་ལས་ཁུངས་ཀྱིས་ ས་རུད་ཐོན་མི་ལས་ བཀག་ཐབས་ཀྱི་དོན་ལུ་ འཛུགས་སྐྱོང་འབད་དོ་ཡོདཔ་བཞིན་དུ་ དེ་གི་སྐབས་ལུ་ ལས་མི་ཐོབ་མ་ཚུགས་མི་དང་ ཁེ་སང་ལེགས་ཤོམ་མེད་མི་ལུ་བརྟེན་ འཐུས་མི་༤༠ གིས་ ལས་སྡེ་འཐུས་མི་ནང་ལས་ ཐོན་སོང་ཡོདཔ་སྦེ་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་ འབད་བ་ཅིན་ སྔོ་ཇའི་སོན་དེ་ བསམ་གྲུབ་ཆོས་གླིང་ཕོ་བྲང་ནང་ལས་ཨིནམ་ད་ དེ་ཡང་ ཞིང་གཤེགས་མི་དབང་འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབང་ཕྱུག་མཆོག་གིས་ རྒྱ་གར་སི་ཀིམ་ལས་ བསྣམས་བྱོན་ཡོདཔ་སྦེ་ཨིན་པས།
གཞུང་གི་རྒྱབ་སྐྱོར་ཐོག་ལུ་ འཐུས་མི་ཚུ་གིས་ ནེ་པཱལ་ རྒྱ་ནག་ ཇ་པཱན་ དེ་ལས་ རྒྱ་གར་ཚུ་ནང་ སྦྱོང་བརྡར་ཚུ་ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༨ ལུ་ འབད་བ་ཅིན་ མཉམ་འབྲེལ་ལས་སྡེ་ལུ་ རྒྱ་གར་གཞུང་གིས་ སྔོ་ཇ་ཐོན་སྐྱེད་དྲག་ཤོས་ཀྱི་ ངོས་འཛིན་ཚུ་ཡང་ འབད་ཡོདཔ་ཨིན་པས།
མཉམ་འབྲེལ་ལས་སྡེ་གིས་ ཨུ་ལུང་ཟེར་མི་སྔོ་ཇ་དེ་ ཤོག་སྒམ་རེ་ལུ་དངུལ་ཀྲམ་༢༠༠ དང་ སྔོ་ཇ་ངོ་མ་སྒམ་རེ་ལུ་ དངུལ་ཀྲམ་༡༨༠ བསྲུ་ཇ་ལུ་དངུལ་ཀྲམ་༡༢༠ དང་ ཇ་ཀེ་ཇི་རེ་ལུ་དངུལ་ཀྲམ་༣,༣༨༠ སྦེ་ ཐོབ་ཚུགསཔ་ད་ འཐུས་མི་ཚུ་འབད་བ་ཅིན་ དངུལ་ཀྲམ་༢,༧༨༠ རེ་སྦེ་ ཐོབ་ཚུགས་པའི་ཁར་ དེ་གི་འོང་འབབ་ལས་ དངུལ་ཀྲམ་༦༠༠ དེ་ མཉམ་འབྲེལ་ལས་སྡེའི་རྩིས་ཁ་ནང་ བཙུགས་དགོཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།