༉ དགེ་ལེགས་ཕུག་ལུ་ ཚེད་བསྲེ་ཚོང་བཙོང་མི་ཚུ་ ཚོང་བཙོང་སའི་ ཁྱིམ་མེད་པའི་དཀའ་ངལ་དེ་ ད་ལས་ཕར་ གདོང་ལེན་འབྱུང་མི་དགོ་ནི་ཨིནམ་ད་ དེ་ཡང་ ཚོད་བསྲེ་ཚོང་ཁྲོམ་གསརཔ་ བཟོ་སྐྲུན་འབད་མི་དེ་ གྲ་སྒྲིག་སོང་ནི་དེ་གིས་ཨིནམ་བཞིན་དུ་ སྤྱི་ཟླ་༢ པའི་ནང་ལས་ ལག་ལེན་འགོ་བཙུགས་ནི་ཨིན་པས།
ཐོག་ཚད་༢ འབད་མི་ ཚོད་བསྲེ་ཚོང་ཁྲོམ་དེ་ ད་ལྟོ་ ཚོད་བསྲེ་བཙོང་སའི་ གདོང་ཕྱོགས་ལུ་ཨིནམ་ད་ དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༨ ལུ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་གིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཚོང་ཁྲོམ་གྱི་ བཟོ་སྐྲུན་ལཱ་ཚུ་ སྤྱི་ལོ་༢༠༢༤ གི་ ཟླཝ་༤ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
ཚོད་བསྲེ་ཚོང་ཁྲོམ་གསརཔ་དེ་ནང་ ཚོད་བསྲེ་བཙོང་མི་༡༠༡ ཤོང་ཚུགས་ནི་ཨིནམ་བཞིན་དུ་ དེ་ཁར་ ཚོང་ཁང་༤༦ པོ་དེ་ ནང་འདྲེན་འབད་མི་ཚོད་བསྲེ་དང་ ཚོང་ཁང་༢༠ ནང་འཁོད་ལས་ཐོན་སྐྱེད་འབད་མི་ ཚོང་ཁང་༩ ཤིང་འབྲས་བཙོང་ས་ ཚོང་ཁང་༥ རྡོག་མ་བཙོང་ས་ ཚོང་ཁང་༦ ལག་བཟོའི་ཐོན་སྐྱེད་བཙོང་ས་ ཚོང་ཁང་༤ ཨོ་ཆས་ཐོན་སྐྱེད་དང་ ཉ་སྐམ་བཙོང་ས་ ཚོང་ཁང་༡༡ ཤ་ཁང་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
དགེ་ལེགས་ཕུག་ཁྲོམ་སྡེ་བདག་སྐྱོང་གིས་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ཚོང་ཁང་ཚུ་བགོ་བཀྲམ་འབད་ནི་ཨིན་པས།
གནམ་བྱཱར་གྱི་ དུས་ཚོད་ཐོན་རན་དོ་ཡོདཔ་ལས་ ཚོང་བཙོང་མི་ཚུ་གིས་ ཡུན་རིངམོ་སྦེ་ར་ ཆརཔ་ནང་ལུ་ ཚོང་བཙོང་སྟེ་ དཀའཝ་སྤྱད་ཡོདཔ་བཞིན་དུ་ ས་ཁོངས་ནང་ བཙོག་ཆུ་དང་ ལྕགས་ཤོག་གི་དྲོད་ཤུགས་ཚུ་ལུ་བརྟེན་ ལཱ་ཁག་བཏང་མི་ཚུ་ ད་ལས་ཕར་ ལེགས་ཤོམ་འགྱོ་ཚུགས་ནི་ཨིན་པས།
ཚོང་བཙོང་མི་ བཙན་སྐྱོགས་རྒྱལ་མཚན་གྱིས་ བཤད་མིའི་ནང་ ས་ཁོངས་གསརཔ་དེ་གིས་ དགོས་མཁོ་ཚུ་སྒྲུབ་ཚུགསཔ་ཨིན་རུང་ ཧེ་མ་ཡོད་པའི་ ས་ཁོངས་དང་ཕྱདཔ་ད་ དུམ་གྲ་ཅིག་ ཆུང་སུ་འོང་ནི་མས་ཟེར་ཨིན་པས།
ཚོང་ཁྲོམ་གསརཔ་ནང་ མཐུན་རྐྱེན་ཚུ་ག་ར་ ཚང་སྒྲིག་ཡོད་པའི་གུ་ མི་མང་གི་ གསང་སྤྱོད་ཚུ་ཡང་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།
རང་ལུགས་ཀྱི་ ཅ་ཆས་བཙོང་མི་ ཆུ་ཁ་ལས་ཨིན་མི་ སྐྱེས་ལོ་༤༧ ལང་མི་ འཛོམས་སྐྱིད་ཀྱིས་ བཤད་མིའི་ནང་ ཚོང་ཁྲོམ་གསརཔ་དེ་གིས་ ཨ་ལུ་གི་ཨའི་ཚུ་ལུ་ ཉེན་སྲུང་ཅན་སྦེ་ བཞག་ཚུགས་ནི་མས་ཟེར་ཨིན་པས།
ངེ་གི་བུམོ་དེ་ ཚོང་བཙོང་པར་འགྱོཝ་ད་ ང་ར་ ཁྱིམ་ནང་ལུ་ ཨ་ལུ་བལྟ་སྡོདཔ་ཨིན་ཟེར་ཨིནམ་ད་ ད་ལས་ཕར་འབད་བ་ཅིན་ ས་ཁོངས་གཙང་སྦྲ་དང་ལྡནམ་སྦེ་ཡོདཔ་ལས་ མོ་གིས་ ཨ་ལུ་ཚུ་ མོ་ར་དང་གཅིག་ཁར་ ཁྱིད་འོང་ཚུགས་ནི་མས་ཟེར་ ཨིནམ་བཞིན་དུ་ ཧེ་མའི་ཚོང་ཁྲོམ་རྙིངམ་ནང་ གནམ་དགུན་ལུ་ ཐལཝ་ཁོག་ཁོ་སྦེ་ སྡོད་དོ་ཡོདཔ་ལས་ མང་ཤོས་ར་ ཐལཝ་མི་འཐོན་ནིའི་དོན་ལུ་ ཆུ་གཏོར་དགོཔ་ཐོནམ་མས་ཟེར་ཨིན་པས།
དེ་ལས་ ཚོང་བཙོང་མི་ཚུ་གིས་ དུས་རྒྱུན་ར་ ཚོང་བཙོང་ས་ཚུ་ བཅོ་ཁ་རྐྱབ་ཅི་ར་ སྡོད་དགོ་དོ་ཡོདཔ་ད་ གཞན་ཡང་ བྱི་ཙི་ཚུ་གིས་ ཚོང་ཆས་ཚུ་ མང་ཤོས་ར་ གནོདཔ་བཀལཝ་མས་ཟེར་ཨིན་པས།
ཚོད་བསྲེ་ཚོང་ཁྲོམ་གྱི་ ཉེ་འདབས་ལས་ཕར་ ཚོང་ཁང་ཆུང་ཀུ་རེ་ བཙུགས་ཏེ་སྡོད་མི་ཚུ་ལུ་ མ་འོངས་པའི་ནང་ གནས་སྟངས་ག་ཅི་བཟུམ་ཅིག་ འོང་ནི་ཨིན་ན་ཟེར་ ཚ་གྱང་ལང་དོ་ཡོད་མི་དེ་ཡང་ ཚོད་བསྲེ་བཙོང་མི་ཚུ་ ཚོང་ཁྲོམ་གསརཔ་ནང་ སྤོ་འགྱོ་བའི་བསྒང་ལས་ ཁོང་ཆ་ཁྱབ་ ལཱ་ཁག་བཏང་ནི་བཟུམ་འདུག་ཟེར་ཨིནམ་ད་ དེ་ཁར་ ཚོང་བཙོང་མི་དྲུག་ཡོད་མི་ཚུ་ མཆོད་ཆས་ཀྱི་རིགས་དང་ ལྔ་གིས་ ཐབ་ཆས་ཀྱི་རིགས་དང་ བཟོ་བཟོ་ནི་གི་ སྨན་གྱི་རིགས་བཙོང་མི་ཚུ་ ཡོདཔ་ཨིན་པས།
ཏིང་ཏི་སྦི་ལས་ཨིན་མི་ སྐྱེས་ལོ་༧༥ ལང་མི་ བསོད་ནམས་རིན་ཆེན་གྱིས་ མཆོད་ཆས་ཀྱི་རིགས་ཚུ་ བཙོང་དོ་ཡོདཔ་ད་ ཁོ་གིས་ བཤད་མིའི་ནང་ ཁྲོམ་ཁར་འབད་བ་ཅིན་ ས་ཁོངས་ཚུ་ལངམ་སྦེ་ མེད་པའི་གུ་ གལ་སྲིད་ བདེ་སྒྲིག་རེ་འབད་ཚུགས་རུང་ ཁང་གླ་མཐོ་དྲག་འབད་མི་གིས་ ལཱ་ཁག་བཏངམ་མས་ཟེ་རཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ང་གིས་ ཁང་གླ་དངུལ་ཀྲམ་༢༨༠༠ རེ་སྤྲོད་དོ་ཡོདཔ་ད་ ང་གིས་ ཉིནམ་རེ་ནང་ དངུལ་ཀྲམ་༡,༥༠༠ དང་༣,༠༠༠ གྱི་བར་ན་ ཚོང་བཙོང་དོ་ཟེར་ ཁོ་གིས་ བཤད་པའི་ཁར་ ང་བཅས་ལུ་ ཚ་གྱང་ཕོག་སྟེ་ཡོད་རུང་ གཞུང་གིས་ ང་བཅས་ལུ་ སྐྱིད་སྡུག་གཟིགས་འོང་ཟེར་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཐབ་ཆས་དང་ སྨན་རིགས་བཙོང་མི་ སྐྱེས་ལོ་༣༣ ལང་མི་ བདེ་སྐྱིད་མོང་སྒར་གྱིས་ བཤད་མིའི་ནང་ ད་ལྟོའི་ས་ཁོངས་ནང་ མོ་གིས་ ཁང་གླ་དངུལ་ཀྲམ་༡,༦༠༠ རེ་སྤྲོད་དོ་ཡོདཔ་ད་ གལ་སྲིད་ སྒེར་གྱི་སྒྲིང་ཁྱིམ་ནང་འབད་བ་ཅིན་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༢༠,༠༠༠ དང་༣༠,༠༠༠ གི་བར་ན་ སྤྲོད་དགོ་ཟེར་ཨིན་པས།
ད་རུང་ ཚོང་ཁང་ཚུ་ ཡོད་དེ་འབད་རུང་ འདི་ཚུ་ཉོ་དགོཔ་སྦེ་ཡོདཔ་ལས་ ཚོང་ཁང་བཙོང་མི་ཚུ་གིས་ གོང་ཚད་མཐོ་དྲག་སླབ་མས་ཟེར་ཨིནམ་ད་ ཁང་གླ་ཚུ་ ཁེ་སུ་སྦེ་ཐོབ་ད་ལུ་ ང་བཅས་ཀྱི་ ཚོང་ཆས་ཚུ་ཡང་ གོང་ཚད་རན་ཏོག་ཏོ་སྦེ་ བཙོང་ཚུགས་པས་ཟེར་ཨིན་པས།
ཁོང་ཆ་ཁྱབ་ལུ་ ཁྲོམ་སྡེ་གིས་ ཚོང་ཁྲོམ་རྙིངམ་ནང་ བཙུགས་པའི་སྐབས་ལས་ར་ གལ་སྲིད་ ཚོང་ཁྲོམ་གསརཔ་ནང་ སྤོ་བཤུད་འབད་བ་ཅིན་ ཁྱེད་ཆ་ཁྱབ་ལུ་ ཚོང་ཁང་འཐོབ་ནིའི་གོ་སྐབས་མེད་ཟེར་སླབ་སྟེ་ ཡོད་ཟེར་ཨིན་པས།
ཨིན་རུང་ ད་ཚུན་ལུ་ བཀྲིན་བསྐྱང་སྟེ་ ཚོང་བཙོང་བཅུག་མི་ལུ་ དགའ་བ་སྦོམ་ཡོད་ཟེར་ བདེ་སྐྱིད་མོང་གར་གྱིས་ བཤདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་གྱིས་ བཤད་མིའི་ནང་ ཚོང་ཁྲོམ་གསརཔ་ནང་ སྤོ་བཤུད་འབད་རུང་ ད་ལྟོ་ ཚོང་ཁྲོམ་རྙིངམ་དེ་ འཆར་གཞི་ག་ནི་ཡང་མེད་པའི་གུ་ ཚོང་ཁྲོམ་བརྡལ་ནི་ཚུ་ཡང་ འཆར་གཞི་མེད་ཟེར་ཨིན་པས།
ཚོང་ཁྲོམ་གསརཔ་དེ་ སྤྱི་ལོ་༢༠༢༡ ཟླ་༢ པའི་ནང་ལས་ བཟོ་སྐྲུན་གྱི་ལཱ་ འབད་ནི་འགོ་བཙུགས་ཏེ་ སྤྱི་ལོ་༢༠༢༢ ཟླ་༡ པའི་ནང་ མཇུག་བསྡུ་ཚུགས་པའི་ དུས་ཚོད་བྱིན་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་གིས་ བཟོ་སྐྲུན་གྱི་ལཱ་འབད་མི་ ཁག་འབགཔ་ ཆུ་ཁག་བཟོ་སྐྲུན་ལས་སྡེ་ལུ་ གདོང་ལེན་ཚུ་ལེ་ཤ་ཅིག་ར་ བྱུང་མི་ལུ་བརྟེན་ ཐེངས་གསུམ་དེ་རེ་ དུས་ཚོད་ཕར་འགྱངས་འབད་ཡོདཔ་ཨིན་པས།
ལས་འགུལ་དེ་ རྒྱ་གར་གཞུང་གིས་ ལས་རིམ་ཆུང་བའི་གནང་བྱིན་ དངུལ་ཀྲམ་ས་ཡ་༤༤ གི་ཐོག་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།