༉ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གིས་ རྒྱལ་ཁབ་ཀྱི་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་བརྩོན་གྱི་དཀའ་ངལ་ཐོབ་མི་དང་ དབང་པོ་ལུ་ཐོ་ཕོག་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་དོན་ལུ་ ལམ་ཕྱོགས་ཀྱི་ ངོས་འཛིན་འབད་ཡོདཔ་ཨིན་པས།
རྩོལ་སྒྲུབ་འདི་གིས་སྦེ་ གནད་དོན་ཁག་གཉིས་ཀྱི་ཐོགལུ་ མི་མང་ལུ་ དར་ཁྱབ་ཀྱི་ གསལ་སྟོན་འབད་ནི་ཨིན་པས།
ཨ་ལུ་མཐའ་སྐྱོང་དང་ གོང་འཕེལ་ དམིགས་བསལ་ཤེས་ཡོན་དགོས་མཁོ་ཅན་གྱི་ སྡེ་ཚན་འགོ་དཔོན་གྱིས་ བཤད་མིའི་ནང་ སློབ་ཕྲུག་ཨ་ལུ་ དབང་པོ་ལུ་ཐོ་ཕོག་མི་ཚུ་ལུ་ སློབ་གྲྭ་གིས་ གསོ་བའི་མཁས་མཆོག་ཚུ་གིས་ ངོས་འཛིན་འབད་མི་དང་བསྟུན་ སྨན་བཅོས་དང་ གོ་སྐབས་ཚུ་ བྱིནམ་ཨིན་ཟེར་ཨིན་པས།
ཨ་ལུ་དབང་པོ་ལུ་ཐོ་ཕོག་མི་ཚུ་གིས་ འཛུལ་ཞུགས་ཀྱི་ ཡི་གུ་བཙུགསཔ་ད་ སློབ་གྲྭ་གིས་ ཁོང་ཆ་ཁྱབ་ གསོ་བའི་ཁྱད་རིག་གིས་ ཞིབ་དཔྱད་འབད་ཡོད་མེད་ དྲི་ཞིབ་འབདཝ་ཨིན་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ག་དེ་སྦེ་ཨིན་རུང་ ཨ་ལུ་མིག་གིས་ མཐོང་མ་ཚུགས་མི་དང་ བློ་རིག་ལུ་ཐོ་ཕོག་མི་ ཡང་ན་ ལྷབ་སྦྱང་གི་དཀའ་ངལ་ཡོད་མི་ ལ་ལུ་ཅིག་ གསོ་བའི་མཁས་མཆོག་ཚུ་གིས་ ངོས་འཛིན་མ་འབད་བར་ ལུས་མི་ཚུ་ཡོདཔ་ད་ སློབ་ཕྲུག་འདི་ཚུ་ལུ་ འབད་བ་ཅིན་ ཤེས་རིག་གི་ཁ་ཐུག་ལས་ གདོང་ལེན་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་དང་ རྒྱབ་སྐྱོར་དགོཔ་ག་ཅི་ཡོདཔ་ཨིན་ན་ ཤེས་རིག་གི་ ཁ་ཐུག་ལས་ཞིབ་དཔྱད་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སློབ་དཔོན་ཚུ་གིས་ ཞིབ་དཔྱད་འབད་མི་དེ་ གསོ་བ་དང་འབྲེལ་བའི་ ཞིབ་དཔྱད་མེནམ་ལས་ མི་མང་གིས་ གོ་བ་བརྡ་ལོག་སྦེ་ འཆརཝ་མས་ཟེར་ གོ་དཔོན་གྱིས་ བཤདཔ་ཨིན་པས།
སློབ་གྲྭ་ནང་འབད་བ་ཅིན་ ཤེས་ཡོན་གྱི་ ཞིབ་དཔྱད་འབད་མི་ཚུ་ཡང་ དབྱེ་དཔྱད་དང་ ཤེས་ཡོན་སྦྱང་ནི་ལུ་ དཀའ་ངལ་ཚུ་ ག་ཅི་ར་འབྱུང་ནི་ཨིན་ན་ ལྟ་རྟོག་འབད་དོ་ཡོདཔ་ད་ སློབ་དཔོན་ཚུ་གིས་ ཐབས་ཤེས་གནས་སྐབས་ ལེ་ཤ་ཅིག་གི་སྒོ་ལས་ ཁོང་ཆ་ཁྱབ་ལུ་ རྒྱབ་སྐྱོར་ཚུ་འབད་དོ་ཡོདཔ་ད་ དེ་ཡང་ གལ་སྲིད་ ཨ་ལུ་དེ་ ལྷབ་ནི་ནང་ དཀའ་ངལ་བྱུངམ་འདྲཝ་འབད་བ་ཅིན་ སློབ་དཔོན་གྱིས་ རིག་རྩལ་དང་ རྒྱབ་སྐྱོར་ཚུ་ ཁོང་ལུ་ཐེབས་བྱིན་དོ་ཡོདཔ་སྦེ་ཨིན་པས།
ལྷབ་སྦྱང་ནང་དཀའ་ངལ་ཐོན་མི་དེ་ འགོ་དཔོན་གྱིས་ འབད་བ་ཅིན་ སྤྱིར་བཏང་ལུ་ འདི་ཚུ་ དབང་པོ་ལུ་ཐོ་ཕོག་མིའི་གྲངས་སུ་ མི་ཚུད་ཟེར་ཨིནམ་ད་ ཨ་ལུ་ཚུ་སློབ་གྲྭ་ནང་ ལྷོད་ཞིནམ་ལས་ ང་བཅས་ཀྱིས་ ལམ་ལུགས་དང་འཁྲིལ་ དབྱེ་དཔྱད་འབདཝ་མ་གཏོགས་ ག་ཐོབ་མཚམས་ཅིག་སྦེ་ འབད་ནི་མེད་ཟེར་ བཤདཔ་ཨིན་པས།
ཨ་ལུ་ཚུ་ སློབ་གྲྭ་ནང་འགོ་དང་པ་ འཛུལ་བའི་སྐབས་ལུ་ར་ སློབ་དཔོན་ཚུ་གིས་ ལྷབ་སྦྱང་གི་གྲ་སྒྲིག་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ལྟ་རྟོག་འབད་དོ་ཡོདཔ་བཞིན་དུ་ དབང་པོ་ལུ་ཐོ་ཕོག་མི་ཨ་ལུ་ཚུ་ ལྷབ་ནི་གི་ངོས་འཛིན་འབད་ནི་ལུ་ དུས་ཚོད་འགོར་དོ་ཡོདཔ་ལས་ ང་བཅས་ཀྱིས་ ཟླཝ་དག་པ་ཅིག་ ལྟ་རྟོག་འབད་དེ་ར་ སྡོད་དགོ་ཟེར་ཨིན་པས།
གལ་སྲིད་ ཨ་ལུ་དེ་གིས་ དཀའ་ངལ་ཡོད་པའི་ རྟགས་མཚན་སྟོནམ་འདྲཝ་ འབད་བ་ཅིན་ ང་བཅས་ཀྱིས་ ཨ་ལུ་དེ་ དམིགས་བསལ་ཤེས་ཡོན་མཁོ་གལ་གྱི་ སློབ་དཔོན་ཚུ་ལུ་ དབྱེ་ཞིབ་འབད་བར་ བཏང་དོ་ཡོདཔ་ད་ ད་རུང་ ཨ་ལུ་དེ་ལུ་ ཡར་རྒྱས་ཀྱི་རྟགས་མཚན་ཚུ་ རྩ་ལས་ར་ ཐོན་ནི་མེད་པ་ཅིན་ སྨན་ཁང་གི་ཞིབ་དཔྱད་དོན་ལུ་ བཏངམ་ཨིན་ཟེར་ཨིན་པས།
འགོ་དཔོན་གྱིས་ བཤད་མིའི་ནང་ སློབ་དཔོན་ཚུ་ སློབ་གྲྭའི་གནས་ཚད་ཀྱི་ གཞི་རྟེན་དབྱེ་ཞིབ་ཀྱི་ སྦྱོང་བརྡར་ཚུ་ འབད་དེ་ཡོད་ཟེར་ཨིནམ་ད་ འདི་བཟུམ་གྱི་ ལག་ལེན་དེ་ རྒྱལ་ཁབ་གཞན་ཁ་ལུ་ཡང་ སྤྱིར་བཏང་སྦེ་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།
སློབ་ཕྲུག་ཨ་ལུ་དེ་ ལྷབ་སྦྱང་འབད་ནི་ནང་ དཀའ་ངལ་ཐོན་པ་ཅིན་ སློབ་དཔོན་གྱི་དགོས་མཁོ་ཆེ་བའི་རྒྱབ་སྐྱོར་དང་ ཤེས་ཡོན་གྱི་ གྲོགས་རམ་ཚུ་ འབདཝ་ཨིན་ཟེར་ཨིན་པས།
སློབ་གྲྭའི་གནས་རིམ་ནང་ དཀའ་ངལ་ཡོད་པའི་ དབྱེ་ཞིབ་ངོས་འཛིན་འབད་མི་དེ་ ཨ་ལུ་དེ་ དབང་པོ་ལུ་ཐོ་ཕོག་ཡོད་པའི་ གནས་ཚད་ཀྱི་ ཞིབ་དཔྱད་འབདཝ་མེན་ཟེར་ཨིན་པས།
ཞིབ་འཇུག་གི་སྐབས་ལུ་དང་ དབང་པོ་ལུ་ཐོ་ཕོག་མི་ སྣ་ཚོགས་ཀྱི་སྒོ་ལས་ ཞིབ་དཔྱད་ཚུ་འབད་དོ་ཡོདཔ་ད་ སྤྱིར་བཏང་ནང་ འབད་བ་ཅིན་ རང་གིས་ མཐའ་སྐྱོང་འབད་ནི་དེ་ བརྒྱ་ཆ་༢.༤ དང་ རྣམ་ཅོག་མ་གོ་མི་དང་ འགུལ་བསྐྱོད་འབད་མ་ཚུགས་མི་ བརྒྱ་ཆ་༢ མིག་གིས་ མཐོང་མ་ཚུགས་མི་བརྒྱ་ཆ་༡.༨ རྒྱུན་འབྲེལ་འཐབ་ནི་ལུ་ དཀའ་ངལ་ཡོད་མི་བརྒྱ་ཆ་༠.༨ སྦེ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།