༉ མི་དབང་རྒྱལ་བཙུན་མཆོག་གིས་ རྒྱལ་ཡོངས་སེམས་ཁམས་འཕྲོད་བསྟེན་གྱི་ གྲོས་འཛོམས་མཇུག་བསྡུའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ ལས་རིམ་དེ་ པདྨ་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་ནང་ མི་དབང་མཆོག་གིས་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ གདོང་ལེན་ཚུ་ མི་སྡེ་མཉམ་འབྲེལ་ཐོག་ལས་ སེལ་ཐབས་འབད་ནི་དང་ བྱང་སེམས་བསྐྱེད་ནི་ དེ་ལས་ སློབ་དཔོན་དང་ བསླབ་སྟོན་པ་ཚུ་གིས་ དམིགས་བསལ་དུ་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་ འགན་ཁུར་འབག་ནི་དེ་ གལ་ཅན་ཨིན་པའི་སྐོར་ལས་ གསུངས་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རང་སྲོག་བཅད་མི་དང་ དབང་བཙོང་ དེ་ལས་ གནད་དོན་གཞན་བྱུང་མི་ཚུ་ལུ་ གདོང་ལེན་འབད་ནི་ལུ་ མཉམ་འབྲེལ་འབད་དགོ་པའི་སྐོར་ལས་ཡང་ གསུངས་གནང་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ མི་དབང་རྒྱལ་བཙུན་མཆོག་གི་ ཐུགས་འཆར་ཅིག་ཨིནམ་བཞིན་དུ་ འབྲུག་ལུ་ གདོང་ལེན་ཅན་ཅིག་ཨིན་མི་ སེམས་ཁམས་འཕྲོད་བསྟེན་ཀྱི་ དཀའ་ངལ་དེ་ མཉམ་འབྲེལ་ཐོག་ལས་ སེལ་ཐབས་འབད་ནི་གི་ ས་གོ་བཟོ་ཐབས་ལུ་དམིགས་ཏེ་ཨིན་པས།
ཉིན་གྲངས་༢ ཀྱི་ ལས་རིམ་དེ་ གསོ་བ་ལྷན་ཁག་དང་ འབྲུག་ལུ་ འཛམ་གླིང་གསོ་བའི་ཚོགས་སྡེ་ཡིག་ཚང་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་ནང་ སྲིད་བྱུས་བཟོ་མི་དང་ གསོ་བའི་ཁྱད་རིག་ཅན་ དེ་ལས་ མི་སྡེའི་འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ལས་རིམ་སྐབས་ མི་དབང་མཆོག་གིས་ དྲན་རྟགས་ཅན་གྱི་ སེམས་ཁམས་འཕྲོད་བསྟེན་གྱི་མཐུན་རྐྱེན་ The PEMA Home མི་ཚེ་ཡ་རབས་ལམ་བཟང་ཟེར་མི་༢ འགོ་འབྱེད་གནང་ཡོདཔ་ཨིན་པས།
The PEMA Home མཐུན་རྐྱེན་གྱིས་ སྟབས་མ་བདེཝ་ ཐོན་མི་ཨ་ལུ་ཚུ་ལུ་ འཕྲལ་གྱི་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ད་ དེ་གིས་ སེམས་ཁམས་འཕྲོད་བསྟེན་དང་ ཕན་བདེ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
མཐུན་རྐྱེན་དེ་གིས་ འབྲེལ་ཡོད་ལས་སྡེ་གཙོ་ཅན་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་དང་ ན་གཞོན་ལམ་སྟོན་ སློབ་གྲྭ་ སྨན་ཁང་ དེ་ལས་ དྲང་ཁྲིམས་ལས་སྡེ་ཚུ་དང་ མཉམ་འབྲེལ་འབད་དེ་ མི་སྡེ་གཞི་བཞག་གི་ ཐབས་ལམ་ཚུ་ ངེས་བརྟན་བཟོ་ནི་ཨིན་པས།
མཐུན་རྐྱེན་གྱི་ དམིགས་ཡུལ་དེ་ ཉེན་ཁ་ཡོད་པའི་ ཨ་ལུ་དང་ བཟའ་ཚང་ཚུ་ལུ་ དགོས་མཁོ་ཆེ་བའི་ རྒྱབ་སྐྱོར་ཚུ་ བྱིན་ནི་ཨིན་པས།
མི་ཚེ་ཡ་རབས་ལམ་བཟང་ལྟེ་བ་གིས་ དྲང་ཁྲིམས་ལས་སྡེ་དང་ གཙུག་སྡེ་གཞན་ཚུ་གིས་བཏང་མི་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་ མི་ངོམ་ཚུ་ལུ་ དགོས་མཁོ་དང་བསྟུན་པའི་ ཞབས་ཏོག་ཚུ་ བྱིན་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
ལྟེ་བ་གིས་ འགན་ཁུར་ཅན་གྱི་ མི་ངོམ་ཅིག་བཟོ་སྟེ་ མི་སྡེའི་ནང་ ལོག་སྟེ་མི་གི་ གྲངས་སུ་བཙུགས་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
ཞལ་འཛོམས་ནང་ འབྲུག་གི་སེམས་ཁམས་གསོ་བའི་གནས་སྟངས་དང་ སྒྲུབ་བྱེད་ལུ་གཞི་བཞག་སྟེ་ བར་འཛུལ་འབད་ནི་ དེ་ལས་ བཟོད་བསྲན་དང་ བདེ་སྐྱིད་བཟོ་ནི་གི་ ཐབས་བྱུས་ཚུ་གི་སྐོར་ལས་ གྲོས་བསྟུན་རྒྱས་པར་ འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།