༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ ཚུལ་མཐུན་མེད་པའི་ དངུལ་འབྲེལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢.༦༧༢ སྤྱོད་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
རྩིས་ཞིབ་ཀྱིས་ ངོས་འཛིན་བྱུང་མིའི་ནང་ སྒྲིག་གཞི་དང་མ་མཐུན་པའི་ལཱ་འབད་བའི་ཁར་ དངུལ་འབྲེལ་འཛིན་སྐྱོང་སྒྲིང་སྒྲི་མེད་མི་དང་ དམིགས་བསལ་གྱི་ སྔོན་བྱིན་སྤྲོད་ནི་དང་ དངུལ་ལོག་སྤྲོད་མ་བཏུབ་པའི་ཉེས་ཆད་ དེ་ལས་ དངུལ་ལོག་སྤྱོད་འབད་མི་ཚུ་ཡོདཔ་སྦེ་ཨིན་པས།
དངུལ་འབྲེལ་ཚུལ་མིན་འཛིན་སྐྱོང་ནང་ རྩིས་ཞིབ་པ་གིས་ དབྱེ་ཁག་གཙོ་བོ་༢ ངོས་འཛིན་འབད་མི་ཚུ་ཡང་ སྒྲིག་གཞི་དང་ ཆ་མཐུན་མ་འབད་བའི་ དངུལ་ཀྲམ་ས་ཡ་༠,༠༡༧ དང་ དངུལ་འབྲེལ་རྩིས་ཆད་ནང་ དངུལ་ཀྲམ་ས་ཡ་༢.༦༥༥ ཡོདཔ་སྦེ་ཨིན་པས།
དངུལ་འབྲེལ་ཚུལ་མིན་འཐབ་མི་དེ་ཡང་ སྔོན་བྱིན་དངུལ་ཀྲམ་ས་ཡ་༠.༧༨༥ དང་ ལས་བྱེདཔ་འཐུས་མི་གཉིས་ལུ་ སྤྱི་ལོ་༢༠༡༨ ལུ་ གཙུག་ལག་གོང་འཕེལ་དང་ རྒྱུན་སྐྱོང་བཙུགས་བཞག་རྩིས་ཁ་ནང་ སྒེར་སྤྱོད་ཀྱི་དོན་ལུ་ དངུལ་ཀྲམ་༥༠༠,༠༠༠ འཛིན་གྲོལ་འབད་ཡོདཔ་སྦེ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ མཐོ་རིམ་སློབ་གྲྭ་ལུ་ ཚུལ་མིན་ཐོག་ གནང་བ་བྱིན་མི་དང་ དངུལ་ལོག་བཙུགས་བཞག་ནང་ ཕྱིས་ཏེ་ལག་ལེན་འཐབ་མི་ ལ་སོགས་པའི་གནད་དོན་ལུ་ ཕྱོགས་ལྷུང་ཡོད་མེད་ཀྱི་ ལྟ་ཞིབ་དོན་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
ད་རུང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ དཔེ་མཛོད་ཁང་གི་ཀི་དེབ་འབག་སྟེ་ ལོག་དུས་ཚོད་ཁར་མ་སྤྲོད་པའི་ སྤྲོད་ཆད་ཕོག་མི་ཚུ་ལུ་ ཆད་འཐུས་ལེན་མ་ཚུགས་པར་ཡོད་མི་ དངུལ་ཀྲམ་༤༤༥,༠༠༠ དང་ སྤྱི་ལོ་༢༠༡༩ ཚུན་ལུ་ ལེགས་སྦྱར་བ་༡༩ གིས་ ཀི་དེབ་སྔ་གཡར་འབད་མི་ཚུ་ ལོག་མ་སྤྲོདཔ་མ་ཚད་ ལ་ལུ་ཅིག་གིས་ ལོ་ལྷག་སོ་རུང་ ལོག་ཀི་དེབ་མ་སྤྲོད་པར་ བཞག་ཡོདཔ་སྦེ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ མཐོ་རིམ་སློབ་གྲྭ་ལུ་ ལོག་ཀེ་དེབ་མ་སྤྲོད་མི་ཚུ་ ལེན་ནི་དང་ འདི་དང་བསྟུན་པའི་ ཉེས་ཆད་ཚུ་བཀལ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
འགོ་དཔོན་༣ གྱིས་ འགྲུལ་འཐུས་དང་ གནས་སོར་འཐུས་ སྐྱེལ་འདྲེན་འཐུས་རྩིས་པའི་ དངུལ་ཀྲམ་༢༢༨,༠༠༠ ཁེ་ཕན་ཐོབ་ཡོད་མི་དེ་ རྒྱལ་འཛིན་གཙུག་ལག་ མི་སྟོབས་བཅའ་ཡིག་དང་སྒྲིག་གཞི་༢༠༡༧ ཅན་མ་ལས་ བརྒལ་ཡོདཔ་སྦེ་ཨིནམ་ད་ འདི་བཟུམ་གྱི་ ཁེ་འཐུས་ཐོབ་དགོཔ་འདྲཝ་འབད་བ་ཅིན་ ངེས་བརྟན་ལོ་༢ ཀྱི་ ཞབས་ཏོག་ཞུ་མི་དགོཔ་སྦེ་ཡོདཔ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ མཐོ་རིམ་སློབ་གྲྭ་ལུ་ མ་དངུལ་ཚུ་ལོག་ལེན་ཞིནམ་ལས་ རྩིས་ཞིབ་བསྐྱར་གསོ་རྩིས་ཁ་ནང་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ལས་བྱེདཔ་༥ ལུ་ ཤྲིལངྐ་ ཀོ་ལོམ་བོ་ལུ་སོང་བའི་ རྒྱལ་སྤྱིའི་འགྲུལ་བསྐྱོད་ ཉིན་འཐུས་དངུལ་ཀྲམ་༡༩༢,༠༠༠ རེ་སྤྲོད་ཡོད་མི་ཚུ་ཡང་ དུས་སྟོན་འགོ་འདྲེན་ལས་སྡེའི་ཁ་ཐུག་ལས་ བཞེས་སྒོའི་རིགས་ཚུ་ བྱིན་ཡོདཔ་ལས་ ཐོབ་ལམ་མེད་པའི་གྲངས་སུ་ ཚུད་ཡོདཔ་ཨིན་པས།
ད་རུང་ དབང་འཛིན་གྱིས་ མཐོ་རིམ་སློབ་གྲྭ་ལུ་ དངུལ་ཐེབས་སྤྲོད་མི་ཚུ་ ལོག་ལེན་ཡོད་པའི་ ཡིག་རིགས་ཆ་ཚང་ཚུ་ ཁ་གསལ་སྦེ་ གསལ་སྟོན་འབད་དགོ་པའི་ བཀོད་རྒྱ་བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༡༢ པའི་ཚེས་༢༢ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ ལས་བྱེདཔ་༡༥ ལུ་ སྔོན་བྱིན་དངུལ་ཀྲམ་༨༥༥,༠༠༠ སྤྲོད་ཡོད་མི་ཚུ་ཡང་ ཞིབ་འཚོལ་དང་ ལྟ་བཤལ་ དེ་ལས་ ཁྱོསམ་ཉོ་མི་ཚུ་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ མ་དངུལ་ཚུ་ ལོག་ལེན་ཞིནབ་ལས་ རྩིས་ཞིབ་བསྐྱར་གསོ་རྩིས་ཁ་ནང་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།