༉ དབང་འདུས་ཕོ་བྲང་ མཁོ་ཐང་ཁ་ལུ་ གནམ་དགུན་གྱི་སྐབས་ ཆུ་ཞིང་ཚུ་ནང་ལས་ཕར་ ཁྲུང་ཁྲུང་སྐེ་ནག་ བལྟ་ནིའི་དུས་ཚོད་ཅིག་འབད་རུང་ ཁྲུང་ཁྲུང་ཚུ་ལྷོད་ནི་ལུ་ དུམ་གྲ་ཅིག་ ཕྱིས་སོཔ་སྦེ་ཨིན་པས།
ཁྲུང་ཁྲུང་སྐེ་ནག་ཚུ་ ཟནམ་བཟའ་སའི་ས་ཁོངས་ རམ་སར་ངོས་འཛིན་འབད་དེ་ ས་ཆ་ཧེག་ཊར་༡༢༦.༥༨ འབད་མིའི་ནང་ རྩྭ་ཚུ་ཧོནམོ་སྦེ་ སྐྱེས་ཏེ་ཡོད་པའི་ཁར་ མཐའ་འཁོར་གནས་སྟངས་ ལེགས་ལྡན་ཅན་སྦེ་ཡོད་མི་གིས་ ཟནམ་བཟའ་ནི་ལུ་ བག་ཆགས་ཚུགས་ནི་དང་ ཐང་དེ་གིས་ བྱ་རིགས་ཚུ་ལུ་ དགའ་སྤྲོ་འབྱུང་ཚུགས་དོ་ཡོདཔ་སྦེ་ཨིན་པས།
སྤྱིར་བཏང་འབད་བ་ཅིན་ ཁྲུང་ཁྲུང་སྐེ་ནག་༡༠ དང་༡༥ གི་བར་ན་ ཤོ་ཐེངས་རེ་སྦེ་ གནམ་དགུན་ལུ་ས་ཁོངས་ནང་ ཆགས་དོ་ཡོད་རུང་ ད་རེས་ གྱངས་ཁ་དེ་ མར་བབས་སོང་མི་གིས་ ས་ཁོངས་ནང་ ཁྲུང་ཁྲུང་ཚུ་ལྷོད་ནི་ལུ་ ཚ་གྱང་གི་གཞི་གནད་ཅིག་སྦེ་ ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ མཁོ་ཐང་ཁ་ལུ་ ཁྲུང་ཁྲུང་སྐེ་ནག་༣ འབད་མི་ཅིག་ ལྷོད་ཡོདཔ་ད་ དུས་ཅི་ཡང་ ཁྲུང་ཁྲུང་སྐེ་ནག་༣ མ་གཏོགས་མ་ལྷོདཔ་ད་ རྒྱལ་ཡོངས་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ བྱ་རིགས་ཉམས་སྲུང་སྡེ་ཚན་གྱི་ འགོ་འཛིན་འཇིགས་མེད་ཚེ་རིང་གིས་ བཤད་མའི་ནང་ མཁོ་ཐང་ཁ་གི་ས་ཁོངས་དེ་ ཁྲུང་ཁྲུང་ཚུ་གི་ ཟནམ་བཟའ་སའི་ ས་ཁོངས་སྦེ་ བཞག་སྟེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ས་ཁོངས་ནང་ ལོ་བསྟར་བཞིན་དུ་ བྱ་རིགས་༧ ལས་ལྷག་སྟེ་ འོང་ནི་མིན་ནུག་ཟེར་ཨིན་པས།
ས་ཁོངས་ནང་ སེམས་ཅན་གཞན་ཚུ་གིས་ གནོད་སྐྱོན་དང་ ཟནམ་བཟའ་སའི་ས་ཁོངས་ ཉུང་སུ་འགྱོ་མི་གིས་ ཉེན་ཁ་ཅན་གྱི་བྱ་རིགས་ཚུ་ལུ་ གནོད་པ་འདུག་ཟེར་ ཁོ་གིས་བཤདཔ་ཨིན་པས།
རྒྱལ་ཡོངས་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ སྤྱི་ལོ་༡༩༨༦ ལས་འགོ་བཙུགས་ འབྲུག་ལུ་ བྱ་རིགས་ཚུ་ ལྟ་རྟོག་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ མཁོ་ཐང་ཁ་ལུ་ བྱ་རིགས་དེ་༥ ཡོདཔ་སྦེ་ཨིན་པས།
ལོ་ངོ་བཅུ་ཕྲག་གི་རྒྱབ་ལས་ བྱ་རིགས་མངམ་འོང་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ཟནམ་བཟའ་ས་དགའ་ཏོག་ཏོ་ ཡོད་མི་དང་བསྟུན་ཨིན་པས།
ས་གནས་ནང་སྡོད་མི་གིས་ མནོ་དོ་བཟུམ་འབད་བ་ཅིན་ མཁོ་ཐང་ཁ་ལུ་ བྱ་རིགས་འོང་ནི་ མར་བབས་སོང་མི་དེ་ ན་ཧིང་གནམ་དགུན་གྱི་སྐབས་ སྤྱང་ཁྱི་ཚུ་གིས་ བྱ་ཁྲུང་ཁྲུང་གཉིས་གུ་ལུ་ གནོད་སྐྱོན་རྐྱབ་ནི་དེ་གིས་ ཨིན་མས་ཟེར་ཨིནམ་ད་ འཇིགས་མེད་ཀྱིས་ འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ རོ་ཁྱི་ཚུ་ ག་ལྷོད་བཏང་བཞག་མི་གིས་ འབྲུག་གི་བྱ་ཁྲུང་ཁྲུང་ཚུ་ལུ་ གནམ་དགུན་དཀའ་ངལ་ ཐོནམ་མས་ཟེར་ཨིན་པས།
སྤྱིར་བཏང་ རོ་ཁྱི་གིས་ བྱ་ཁྲུང་ཁྲུང་ཚུ་ ཐད་ཀར་དུ་ བསད་ཡོད་པའི་ངོས་འཛིན་མེད་རུང་ བྱ་ཚུ་གནམ་ཉིན་མ་ཟནམ་ཟ་སྡོད་པའི་སྐབས་ལུ་ རོ་ཁྱི་ཚུ་གིས་ དཀྲོགས་ནི་འདུག་ཟེར་ ཁོ་གིས་བཤདཔ་ཨིན་པས།
འདི་བཟུམ་གྱི་ གནད་དོན་ཚུ་ ཧ་གོ་ཐབས་ལུ་ རྒྱལ་ཡོངས་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་ ལས་ཚོགས་གཞན་མི་ཚུ་ མཉམ་འབྲེལ་ཐོག་ལས་ ས་ཁོངས་ཚུ་ ཉམས་བཅོས་འབད་ནི་དང་ འཛིན་སྐྱོང་འཐབ་ནི་ དེ་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
འཇིགས་མེད་ཚེ་རིང་གིས་ བཤད་མིའི་ནང་ མི་སྡེ་ཚུ་གིས་ ཉེན་ཁ་ཅན་གྱི་གནས་སྟངས་ལུ་ སྲུང་སྐྱོབ་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལས་ ས་གནས་མཁོ་ཐང་ཁ་ལུ་སྡོད་མི་ གནས་སྐོར་རྡོ་རྗེ་གིས་ འབད་བ་ཅིན་ སྤྱང་ཁྱི་ཚུ་གིས་ ཁྲུང་ཁྲུང་སྐེ་ནག་ཚུ་ལུ་ འཇིགས་བསྐུལ་སྦོམ་ར་ བྱིནམ་མས་ཟེར་ཨིན་པས།
སྤྱང་ཁྱི་ཚུ་གིས་ བྱ་རིགས་ཚུ་ལུ་ གནོད་སྐྱོན་རྐྱབ་མི་གིས་ མ་ཚད་པར་ སློབ་གྲྭ་ནང་འགྱོ་མི་ ཨ་ལུ་ཚུ་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིནམ་ད་ ཧེ་མ་ཡང་ རོ་ཁྱི་ཚུ་གིས་ སློབ་ཕྲུག་ཨ་ལུ་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་ ལོ་རྒྱུས་ཡོད་ཟེར་ཨིན་པས།
ད་རུང་ ས་གནས་ནང་སྡོད་མི་ ཤེལ་ལི་གིས་ བཤད་མིའི་ནང་ སྤྱང་ཁྱི་ཚུ་ལུ་བལྟ་སྟེ་ ཞེ་བསྲུན་ཏེ་ འབད་མི་ཚུགས་པས་ཟེར་ཨིནམ་ད་ སྤྱང་ཁྱི་ཚུ་ ས་གནས་གཞན་ཅིག་ཁར་བསྐྱལ་ནི་དང་ ཡང་ཅིན་ གནོད་སྐྱོན་མ་རྐྱབ་ལས་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ ཨིནམ་བཞིན་དུ་ གལ་སྲིད་ ཐབས་ལམ་ཚུ་ ག་ནི་ཡང་མ་བཏོན་པར་བཞག་པ་ཅིན་ དེ་གིས་ ནམ་ཅིག་གི་ཚེ་ བྱ་ཁྲུང་ཁྲུང་གཅིག་ཡང་ ས་གནས་ནང་འོང་མི་བཏུབ་ནི་མས་ཟེར་ཨིན་པས།
སྤྱིར་བཏང་འབད་བ་ཅིན་ བྱ་རིགས་ཁྲུང་ཁྲུང་ཚུ་ སྤྱི་ཟླ་༡༡ པའི་ནང་ ལྷོད་དོ་ཡོད་རུང་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ ལོག་འགྱོཝ་མས་ཟེར་ཨིནམ་ད་ ས་གནས་ནང་སྡོད་མི་ མང་ཤོས་ཅིག་གི་ དོགས་པ་ལུ་འབད་བ་ཅིན་ བྱ་རིགས་ཚུ་ ས་ཁོངས་ནང་ དཀྲོག་ནི་དེ་གིས་ ས་གནས་གཞན་ཁར་ འགྱོ་དོ་ཡོདཔ་མས་ཟེར་ཨིན་པས།
སྤྱང་ཁྱི་ཚུ་གིས་ བར་ཆད་རྐྱབ་མི་གིས་ མ་ཚད་པར་ མི་གིས་ གོང་འཕེལ་གྱི་ལཱ་འབད་མི་གིས་ཡང་ ཁོང་ལུ་བར་ཆད་རྐྱབ་དོ་ཡོདཔ་ཨིན་པས།
འཇིགས་མེད་ཚེ་རིང་གིས་ འབད་བ་ཅིན་ བྱ་རིགས་ཚུ་ཟནམ་ཟ་སའི་ ས་ཁོངས་ཀྱི་ཉེ་འདབས་ལས་ཕར་ སྣུམ་འཁོར་འགྲོ་འགྲུལ་འབད་ནི་ བཀག་དམ་འབད་ཚུགས་པ་ཅིན་ དེ་གིས་ཡང་ ཕན་ཐོགས་འབྱུང་ནི་ཨིན་པའི་ཁར་ བྱ་རིགས་ཚུ་ཡང་ སྲུང་སྐྱོབ་འབད་ཚུགས་ནི་མས་ཟེར་ཨིན་པས།
རྒྱལ་ཡོངས་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གི་ སྤྱི་ལོ་༢༠༢༣ གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ ལོ་དེ་ཁར་ འབྲུག་ལུ་བྱ་རིགས་༦༧༦ ལྷོད་མི་གིས་ འདས་པའི་ལོ་ནང་ བྱ་རིགས་༥༩༩ ལྷོད་མི་དང་ཕྱདཔ་ད་ བརྒྱ་ཆ་༡༢ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ གནས་སྤོ་སྡོད་མི་ བྱ་རིགས་ཚུ་ གནམ་བྱཱར་བོད་ལུ་ ཁོང་རའི་ ཕྱུག་གུ་བཏོན་པའི་ཤུལ་ལུ་ གནམ་དགུན་འབྲུག་ལུ་ འོང་དོ་ཡོདཔ་སྦེ་ཨིནམ་ད་ ག་དེ་སྦེ་ར་ཨིན་རུང་ མཁོ་ཐང་ཁ་ལུ་ བྱ་ཁྲུང་ཁྲུང་སྐེ་ནག་འོང་ནི་དེ་ མར་བབས་སོང་ཡི་ཟེར་ ས་གནས་ནང་སྡོད་མི་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།