༉ ན་གཞོན་ཚུ་ལུ་ མི་སྡེ་ཚོང་འབྲེལ་གསར་པའི་གནད་དོན་ཐོག་ འབྲུག་ན་གཞོན་གོང་འཕེལ་མ་དངུལ་གྱིས་ ཨེ་བི་ཨི་གོ་ལོ་བཱལ་དང་ མཉམ་འབྲེལ་ཅན་གྱི་ འབྲུག་ཨ་ལུ་གསར་བཏོད་ཤེས་ཡོན་གྱི་ བརྗོད་དོན་ལུ་ རྒྱལ་སྤྱིའི་ཀིཌསི་ཨེམ་བི་ཨེ་ཚོང་ལས་ཟེར་མི་ འགོ་འབྱེད་འབད་ཡོདཔ་ད་ ལས་རིམ་དེ་ མི་དབང་རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་མཆོག་གིས་ ཁ་ཙ་ འགོ་འབྱེད་གནང་ཡོདཔ་ཨིན་པས།
ལས་རིམ་དེ་ འཛམ་གླིང་ཚོང་འབྲེལ་རིག་རྩལ་དང་ ཚོང་འབྲེལ་བརྩི་མཐོང་བློ་གཏད་བཟོ་ཐབས་ལུ་ བཟོ་བཀོད་འབད་ཡོདཔ་ཨིན་པས།
ཨེ་བི་ཨི་གོ་ལོ་བཱལ་ལས་སྡེ་དེ་ རང་སྐྱོང་ལས་སྡེ་ཅིག་ཨིནམ་ད་ དེ་གིས་ ཚོང་འབྲེལ་ཤེས་ཡོན་ཐོག་ལུ་ ངོ་རྐྱང་ཚུ་ ཡར་ཐོན་འབད་ཚུགས་པའི་ཁར་ ཀིཌསི་ཨེམ་བི་ཨེ་ཚོང་འབྲེལ་ ལས་རིམ་གྱིས་ རྒྱལ་ཁབ་༣༠ ནང་ ལག་ལེན་འཐབ་ཚུགས་པའི་ ངོས་འཛིན་ཚུ་ཡོདཔ་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་གྱི་མདོ་ཆེན་ ཀུན་ལེགས་བསྟན་འཛིན་གྱིས་ བཤད་མིའི་ནང་ ཀིཌསི་ཨེམ་བི་ཨེ་ཚོང་འབྲེལ་ ལས་རིམ་གྱིས་ གནམ་དགུན་གྱི་ལས་རིམ་ཞབས་ཏོག་ཚུ་ཡོདཔ་ལས་ སློབ་ཕྲུག་ཨ་ལུ་ཚུ་ལུ་ དུས་རབས་༢༡ པའི་ནང་ དགོས་མཁོ་ཆེ་བའི་ རིག་རྩལ་གོང་འཕེལ་ཚུ་ ངལ་གསོའི་དུས་ཚོད་ཁར་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
ཁོ་གིས་ ནན་བསྐུལ་འབད་མིའི་ནང་ གསར་བཏོད་དང་ ཚོང་འབྲེལ་ལས་སྡེ་དེ་ ན་གཞོན་ཚུ་ འབྲུག་གི་ཚོང་འབྲེལ་ལས་སྡེའི་ རིམ་ལུགས་ནང་ སྒྲིང་སྒྲི་བཟོ་སྟེ་ རང་ལུགས་ཐོག་ལུ་འབད་བ་ཅིན་ ན་ལོན་ཚུ་ལུ་ དམིགས་བཏད་བསྐྱེད་དེ་ཡོད་ཟེར་ཨིན་པས།
ཞིབ་འཇུག་དང་འཁྲིལཝ་ད་ ཚོང་འབྲེལ་ལས་སྡེ་དེ་ འཕེལ་ཚད་དང་ གོ་སྐབས་ཀྱི་དོན་ལུ་ གཙོ་རིམ་ཅན་ཅིག་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ ང་བཅས་ཀྱི་རྒྱལ་ཡོངས་དེ་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ འཛམ་གླིག་གསར་བཏོད་ཟུར་སྦྲགས་སྙན་ཞུའི་ནང་ གསལ་བཀོད་འབད་དེ་མིན་འདུག་ཟེར་ ཀུན་ལེགས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཀིཌསི་ཨེམ་བི་ཨེ་ཚོང་འབྲེལ་ལས་རིམ་དེ་ ཨ་ལུ་སྐྱེས་ལོ་༡༡-༡༥ འབད་མི་ སློབ་རིམ་༦-༨ བར་ན་ཡོད་མི་ཚུ་ལུ་ བྱིན་དོ་ཡོདཔ་ད་ ཚོང་འབྲེལ་འཐབ་ནི་འགོ་བཙུགས་པའི་བསྒང་ལས་ འཛམ་གླིང་དངོས་མཐོང་གི་ ཉམས་མྱོང་འཐོབ་ནི་དང་ མི་ཚེའི་རིག་རྩལ་ སེམས་ཁམས་བདེ་ཐབས་ཚུ་ ཚོང་འབྲེལ་ལེགས་ལྡན་འཐབ་དོན་ལུ་ དགོས་མཁོ་ཡོདཔ་སྦེ་ཨིན་པས།
ངོས་འཛིན་ཅན་གྱི་སྦྱོང་བརྡར་བ་གཉིས་ཀྱིས་ ཨེ་བི་ཨི་ལམ་ལུགས་ཐོག་ སྦྱོང་བརྡར་བྱིན་དོ་ཡོདཔ་ད་ དེ་ཡང་ བཅའ་མར་གཏོགས་མི་ཚུ་ གནས་དོན་ཁག་༡༦ གི་ཐོག་ལས་ ལམ་སྟོན་འབད་ནི་ཨིནམ་ད་ ཉིནམ་བརྒྱད་ཀྱི་ནང་འཁོད་ལུ་ གནད་དོན་ཁག་བརྒྱད་ཁྱབ་ཡོདཔ་བཞིན་དུ་ དེ་ཡང་ ཨེ་བི་ཨི་ཆོས་ཚན་ ཚོང་འབྲེལ་གྱི་ཐབས་ཤེས་གོང་འཕེལ་ བདེན་ཁུངས་ ཚོང་འབྲེལ་ཞིབ་འཚོལ་ ཚོང་མགྲོན་པ་སོ་སོ་དབྱེ་ཁག་ཕྱེ་ཡོད་མི་ དངུལ་འབྲེལ་གྱི་འཆར་གཞི་ འཆར་དངུལ་ ཚོང་འབྲེལ་ ཚོང་བཙོང་གི་ཐབས་བྱུས་ སྡེ་ཚན་གྱི་མཉམ་འབྲེལ་ རྒྱུན་འབྲེལ་ གསལ་བཤད་འབད་ནི་ དེ་ལས་ གལ་གནད་ཅན་གྱི་རིག་རྩལ་གཞན་ཚུ་ ཡོདཔ་ཨིན་པས།
གོ་རིམ་དང་པའི་ལས་རིམ་དེ་ སློབ་ཕྲུག་༢༥ གིས་ ད་རིས་ལས་ འགོ་བཙུགས་ཡོདཔ་ད་ བཅའ་མར་གཏོགས་མི་རེ་གིས་ དངུལ་ཀྲམ་༡༠,༠༠༠ རེ་ སྤྲོད་ཡོདཔ་ཨིན་པས།
ཀུན་ལེགས་བསྟན་འཛིན་གྱིས་ བཤད་མིའི་ནང་ མ་འོངས་པའི་ བཅའ་མར་གཏོགས་མི་ཚུ་ལུ་ འཐུས་ཡར་སེང་འབད་འོང་ཟེར་ཨིནམ་ད་ ཨིན་རུང་ ལས་རིམ་དེ་ འོས་འཚམས་དང་ལྡནམ་སྦེ་ བཞག་ནི་དང་ འཐུས་སྤྲོད་མི་ལས་ བརྒྱ་ཆ་༥༠ དེ་ ཨེ་བི་ཨི་ལུ་ ཆོས་ཚན་དང་ ལག་ཁྱེར་ཞིབ་དཔྱད་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་དེ་ སྤྱི་ཟླ་༡ པའི་ཚེས་༢༥ ལུ་ དོ་འགྲན་འབད་ཐོག་ལས་ མཇུག་བསྡུ་ནི་དང་ སློབ་ཕྲུག་ཚུ་གིས་ རང་སོའི་སྡེ་ཚན་གྱི་ ཚོང་འབྲེལ་ཐབས་བྱུས་ཚུ་ ཁྱད་རིག་ལུ་ གསལ་སྟོན་འབད་ནི་ཨིན་ཟེར་ཨིན་པས།
རྒྱལ་ཁ་ཐོབ་མི་སྡེ་ཚན་གཉིས་ཀྱིས་ དངུལ་རྐྱང་གི་ གསོལ་རས་ཚུ་འཐོབ་ནི་དང་ ཚོང་འབྲེལ་གྱི་རྒྱབ་སྐྱོར་ དེ་ལས་ འབྲུག་གསར་བཏོད་ལས་རིམ་ གྲོས་སྟོན་ཚུ་འབད་ནི་ཨིན་པས།
ཨང་དང་པ་ཐོན་མི་སྡེ་ཚན་གྱིས་ རྒྱལ་སྤྱིའི་ཐབས་རིག་དང་ གསར་བཏོད་གསོལ་རས་༢༠༢༥ འབད་མི་དེ་ ཝེཊ་ནཱམ་ལུ་ འགོ་འདྲེན་འཐབ་ནི་ཨིན་མིའི་ནང་ བལྟ་བར་འགྱོ་ནི་འཐོབ་པའི་ཁར་ དེ་ཁར་ དངུལ་རྐྱང་གི་གསོལ་རས་ཚུ་ཡང་ ཡུ་ཨེསི་ཌི་༥༠༠ ལས་འགོ་བཙུགས་༡,༠༠༠ ཚུན་ཡོདཔ་ཨིན་པས།
ད་ཚུན་ ན་གཞོན་གོང་འཕེལ་མ་དངུལ་གྱིས་ ན་གཞོན་༤༠༠ ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ མི་སྡེ་ཚོང་ལས་༢༥ ལུ་ རྒྱབ་སྐྱོར་འབད་བའི་ཁར་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ ན་གཞོན་༡,༠༠༠ ལུ་ མི་སྡེ་ཚོང་ལས་སྦྱོང་བརྡར་བྱིན་ནིའི་ དམིགས་ཡུལ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།