༉ སང་ཕོད་ སྤྱི་ཟླ་༡ པ་ལས་ ལག་ལེན་འཐབ་ནི་ཨིན་མི་ སྤ་རོ་ ཚོང་འདུས་ས་གནས་ས་ཁོངས་འཆར་གཞི་གིས་ སྤ་རོ་དེ་ ཡུན་བརྟན་ཐོག་ལས་ གཞི་སྒྱུར་འབད་ཚུགས་ནི་ཨིན་པས།
ཁྲོམ་དེ་ རང་ལུགས་ཀྱི་ ཆགས་ལུགས་དང་ རང་བཞིན་སྲོལ་ཁྱུན་ཚུ་ ཡོདཔ་ཨིན་པས།
ས་གནས་ས་ཁོངས་འཆར་གཞི་དེ་ སྤ་རོ་ལུང་གཤོང་གོང་འཕེལ་འཆར་གཞི་༢༠༡༧ ཅན་མའི་ ཆ་ཤས་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༥ ཟླ་༧ པ་ལས་ མཇུག་བསྡུ་ནི་ཨིན་པས།
གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་རེས་ ཚོང་འདུས་ས་གནས་ས་ཁོངས་འཆར་གཞི་ གྲ་སྒྲིག་འབད་ནིའི་དོན་ལུ་ རིན་བསྡུར་བྱ་རིམ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
འཆར་གཞི་དེ་ཡང་ ཚོང་འདུས་ཀྱི་ ས་ཁོངས་ནང་ ཁྲོམ་ཚོགས་མགྱོགས་དྲག་འགྱོ་མི་ལུ་ གདོང་ལེན་འབད་ནིའི་དོན་ལུ་ཨིནམ་ད་ བཟོ་བཀོད་ཀྱི་ གཞི་བཀོད་ཅིག་མེདཔ་ལས་ གོང་འཕེལ་ལས་སྣ་ལུ་ མཉམ་འབྲེལ་འཐབ་མ་ཚུགས་པའི་ཁར་ ས་ཆ་ཁ་གཏོར་དང་ སྤ་རོ་ལུང་གཤོང་གོང་འཕེལ་འཆར་གཞི་གི་ འཆར་སྣང་ཚུ་ གྲུབ་མ་ཚུགས་པར་ ཡོདཔ་ཨིན་པས།
ས་གནས་ས་ཁོངས་འཆར་གཞི་གིས་ ས་གནས་གཞི་བཀོད་ཁ་གསལ་ཚུ་ དོན་སྨིན་ཅན་སྦེ་ འཛིན་སྐྱོང་འཐབ་ཚུགས་ནི་དང་ དེ་ནང་ གཞི་རྟེན་གོང་འཕེལ་དང་ ས་ཆ་བདེ་སྒྲིག་ལ་སོགས་པ་ཚུ་ ཚུད་དེ་ཡོདཔ་ཨིན་པས།
འཆར་གཞི་གིས་ ས་ཆ་ལག་ལེན་ ཁུངས་ལྡན་དང་ ཁྲོམ་ཚོགས་ཀྱི་ གཞི་རྟེན་ཡར་དྲག་ མཐུད་སྦྲེལ་ལྷན་ཐབས་ སྔོ་ལྗང་ས་གོ་བཟོ་ནི་ དེ་ལས་ ཡུན་བརྟན་དང་ མཛེས་ཆ་དང་འབྲེལ་བའི་ ས་གོ་ངེས་བརྟན་གྱི་ ཁྲོམ་ཚོགས་བཟོ་བཀོད་ལམ་སྟོན་ བཟོ་ནི་ལུ་དམིགས་ཏེ་ ཡོདཔ་ཨིན་པས།
གྲ་སྒྲིག་བྱ་རིམ་ནང་ ལྷན་ཁག་གིས་ ས་གནས་ཀྱི་ མི་སེར་ཚུ་དང་ གྲོས་བསྟུན་ཚར་༢ འབད་ནི་དང་ ཇོ་བདག་དང་ མི་སེར་གཞན་ཚུ་དང་ ཞལ་འཛོམས་ཁག་ མང་རབས་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
ས་གནས་ས་ཁོངས་འཆར་གཞི་ གྲ་སྒྲིག་འབད་བའི་སྐབས་ གདོང་ལེན་གཙོ་ཅན་གཅིགཔོ་དེ་ བཟོ་སྐྲུན་གསརཔ་རྐྱབ་ནི་དང་ ས་ཚན་དབྱེ་ཁག་བཟོ་ནི་ལས་ བཀག་ཐབས་འབད་ཚུགས་ནི་ཨིན་པས།
འགོ་དཔོན་དང་འཁྲིལ་བ་ཅིན་ གནད་དོན་དེ་ གལ་ཅན་ཅིག་ཨིནམ་བཞིན་དུ་ དེ་གིས་ ས་གནས་ས་ཁོངས་འཆར་གཞི་ ལེགས་ཤོམ་སྦེ་ བཟོ་ཚུགས་ནི་དང་ གནད་དོན་སེལ་ཐབས་ལུ་ ལྷན་ཁག་གིས་ རྫོང་ཁག་བདག་སྐྱོང་ལུ་ ས་གནས་ས་ཁོངས་འཆར་གཞི་ ཐག་དཔྱད་མ་འབདཝ་ཚུན་ བཟོ་སྐྲུན་དང་ ས་ཚན་དབྱེ་ཁག་བཟོ་ནི་ལས་ བཀག་ཆག་འབད་དགོ་པའི་ སླབ་སྟེ་ཡོད་ཟེར་ཨིན་པས།
གདོང་ལེན་གཞན་གཅིགཔོ་དེ་ སའི་ཇོ་བདག་དང་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ངོས་ལེན་མི་འབད་ནི་དང་ ཁྲོམ་ཚོགས་གོང་འཕེལ་འཆར་གཞི་ལུ་བརྟེན་ ཁེ་ཕན་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་ ལེགས་ཤོམ་མ་འབད་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་རྒྱུ་དངོས་ ཡང་ཅིན་ གོང་འཕེལ་དབང་ཆ་ འགྱུར་བཅོས་འབད་ནི་ལུ་ རྒྱབ་འགལ་འབད་ནི་ ཉེན་ཁ་ཡོདཔ་ཨིན་པས།
གནད་དོན་སེལ་ཐབས་ལུ་ ལྷན་ཁག་གིས་ མི་སེར་ཚུ་དང་ གྲོས་བསྟུན་རྒྱས་པར་སྦེ་ འགོ་འདྲེན་འཐབ་སྟེ་ མི་སེར་མཐའ་དོན་གྱི་དོན་ལུ་ གོ་བ་བརྡ་སྤྲོད་ཚུ་ཡང་ མ་བཏུབ་བཏུབ་སྦེ་ འབད་ནིའི་འཆར་གཞི་ཡོདཔ་ཨིན་པས།
ཚོང་འདུས་ས་གནས་ས་ཁོངས་འཆར་གཞི་དེ་ ཐིམ་ཕུག་དང་ སྤ་རོ་ལུང་ཕྱོགས་ཐབས་བྱུས་ས་མཚམས་དང་ མ་འོངས་གཞི་རྟེན་གོང་འཕེལ་གྱི་ དང་ལེན་མ་རྩ་གཞི་བཙུགས་འཆར་གཞི་གི་ འཆར་སྣང་དང་ རིམ་སྒྲིག་འབད་དེ་ཡོདཔ་ཨིན་པས།
ས་ཆ་ཨེ་ཀར་༩༠ ནང་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་རྒྱ་སྐྱེད་འབད་ནི་ ལས་སྣ་དེ་ བོང་སྡེ་ས་གནས་ས་ཁོངས་འཆར་གཞི་ནང་ བཙུགས་ཏེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།